བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།


བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་༡༩༥༩ལོའི་ཟླ་༣ཚེས་༡༢ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གཞུང་གིས་བོད་གཞུང་དམངས་གཉིས་ལ་ཚུལ་མིན་ཁྲིམས་འགལ་གྱི་དྲག་གནོན་བྱེད་སྐབས་ཕོ་བྲང་པོ་ཏཱ་ལའི་མདུན་གྱི་འབྲས་བུ་གཡུལ་ཁར་བོད་མདོ་དབུས་ཁམས་གསུམ་ནས་ཡིན་པའི་བུད་མེད་སྟོང་ཕྲག་མང་བོས་ངོ་རྒོལ་བྱས་པ་དེ་ནས་བཟུང་ད་བར་འཚེ་མེད་ཞི་བའི་ལས་འགུལ་ལམ་ནས་རྒྱའི་དབང་བསྒྱུར་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མུས་ཡིན།

ཕྱི་ལོ་༡༩༦༠ཡས་མས་སུ་གཞིས་ལུས་བུད་མེད་ཚོས་མུ་མཐུད་རྒྱའི་དབང་བསྒྱུར་ལ་གདོང་ལེན་བྱེད་བཞིན་པའི་གནས་སྐབས་དེར་བཙན་བྱོལ་དུ་ཡོད་པའི་བོད་པའི་བུད་མེད་ཚོས་ཀ་བློན་སྤུག་དང་། རྡོ་རྗེ་གླིང་། རྡ་རམ་ས་ལ། རཱཇ་པུར་བཅས་སུ་བུད་མེད་རྣམས་ཀྱི་རང་རེའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཆེད་དང་སྔོན་གཤེགས་དཔའ་མོ་རྣམས་ཀྱི་རྗེས་སུ་སྙེག་ཏེ་འཐབ་རྩོད་རྒྱུན་འཁྱོངས་བྱས་ཡོད།

དེ་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་ལམ་སྟོན་བཀའ་སློབ་འོག་ཕྱི་ལོ་༡༩༨༤ཕྱི་ལོ་༩ཚེས་༡༠ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་བཞིན་སླར་གསོ་བྱུང་སྟེ་ད་ཡོད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དེ་གསར་བཙུགས་གནང་བ་རེད།

ད་ལྟ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་འཛམ་གླིང་གླིང་ཕྲན་བཞི་༼ཨེ་ཤེ་ཡ་དང་། ཨ་རི། ཡུ་རོབ། ཨོ་སི་ཊེ་ལི་ཡ།༽ནང་ས་གནས་ཡན་ལག་ཁག་༥༦དང་ཚོགས་མི༡༦༠༠༠ལྷག་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ནི་བོད་ཀྱི་ལོ་རྒྱུས་ནང་བུད་མེད་ཀྱི་ཚོགས་པ་ནུས་ཤུགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། བཙན་བྱོལ་ནང་དུ་བོད་པའི་བུད་མེད་ཀྱི་ཚོགས་པ་གཅིག་པུ་དེ་ཡིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གཞིས་ལུས་བུད་མེད་ཀྱི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་བཙན་བྱོལ་ནང་གི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་བའི་ལས་འགན་ཁུར་མུས་སུ་ཡོད།