སྦྱིན་བདག་སྡེ་ཚན།

ད་ལྟའི་ཆར་ལས་གཞི་འདིའི་ཁོངས་གཏོགས་སྦྱིན་བདག་བྱས་སའི་བོད་མིའི་མི་གྲངས་བརྒྱ་ལྷག་ཙམ་ཡོད་ལ།

གཤམ་དུ་རོགས་རམ་གཟེད་པའི་བོད་མི་རིགས་དབྱེ་ཙམ་བྱས་ན།

དང་བོ། བུད་མེད་ཁྱིམ་ཚང་གི་མགོ་བྱེད་དམ་ཨ་མ་རྐྱང་བ་རིགས།

བོད་མི་སྐྱབས་བཅོལ་བ་རྣམས་འཚོ་བའི་དགོས་མཁོ་དང་ཁ་ཕྱོགས་ཀྱི་དབང་གིས་འཛམ་གླིང་གང་སར་བཀྲམས་སྡོད་དང་གནས་སྤོར་གནང་དགོས་འཁེལ་བ་དང་བསྟུན། བོད་མིའི་སྤྱི་ཚོགས་ཁྲོད་བཟའ་འཐོར་གྱི་གྲངས་འབོར་ཀྱང་ཤུགས་ཆེར་འཕེལ་འགོ་བཙུགས་ཡོད། ཡང་གནས་ཚུལ་དེའི་རྐྱེན་པས་ཕ་མ་བུ་ཕྲུག་གི་འཚོ་བའི་ཁག་ཐེག་གི་འགན་དབང་ཁུར་དགོས་འཁེལ་བའི་བུད་མེད་རིགས་ཇེ་མང་དུ་སོང་ཡང་། སློབ་སྦྱོང་དང་ལག་ཤེས་སོགས་མེད་པའི་དབང་གིས་ལས་ཀ་བཙལ་རྒྱུར་དཀའ་ངལ་ཞིག་འཕྲད་མུས་སུ་ཡོད་ན། དཀའ་ངལ་དེ་རིགས་སེལ་ཐབས་སུ་ངེད་ལྷན་ཚོགས་ངོས་ནས་ཕྱི་གླིང་བའི་མི་ལ་སྦྱིན་བདག་གནང་བའི་སྐྱབས་འཇུག་རེ་བསྐུལ་ཞུས་པ་ཇི་བཞིན། ད་བར་བུད་མེད་ཁྱིམ་ཚང་གི་མགོ་བྱེད་དམ་ཨ་མ་རྐྱང་བ་གང་མང་ཞིག་ལ་མང་ཉུང་ལ་མ་ལྟོས་པར་སྦྱིན་བདག་འཚོལ་སྒྲུབ་ཀྱི་འཚོ་སྣོན་འབུལ་ལམ་ཞུ་ཐུབ་པ་བྱུང་ཡོད།

གོང་དུ་བཤད་ཟིན་པ་ལྟར། ལས་གཞི་འདི་དམིགས་འབེན་བུད་མེད་རིགས་ཡིན་ཞིང་། ལྷག་དོན་ཁྱོ་ཀ་མེད་པའི་བུད་མེད་སྤྲུམ་མ་དང་ཟླ་ངོ་གསུམ་ཅན་གྱི་ཨ་མ་རྐྱང་བ་རིགས་སུ་ཡིན་ལ་ང་ཚོའི་ངོས་ནས་རོགས་ཕན་ཅི་ཐུབ་བྱེད་ཀྱིན་ཡོད།

  • ཕྲུ་གུ་རིགས།

ཤེས་ཡོན་སློབ་སྦྱོང་ནི་ཉམ་ཐག་ལས་བགྲོད་བྱེད་ཀྱི་ལམ་བུ་གཅིག་པུ་དང་བདེ་ཐང་གི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་གྱི་རྨང་གདན་ལྟ་བུར་གྱུར་ཡོད་པ་ཇི་བཞིན། བཙན་བྱོལ་བོད་གཞུང་གིས་ངོས་ནས་ད་བར་བོད་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་སློབ་ཡོན་མཁོ་འདོན་བྱེད་ཀྱང་ཡོངས་ལ་ཁྱབ་ཐུབ་པ་ཞིག་དང་ཀུན་གྱི་དཀའ་ངལ་སེལ་ཐུབ་པ་ཞིག་བྱུང་རྒྱུ་ཁོག་པས། ཁྱིམ་མི་རང་ངོས་ནས་བུ་ཕྲུག་གི་སློབ་ཡོན་དང་སྒྲིག་ཆས། ཟ་མ་སོགས་ཚང་མར་འགན་དབང་ཁུར་མ་ཐུབ་མཁན་ཡང་གང་མང་ཞིག་མཆིས་ན། དེ་དག་གི་དཀའ་ངལ་སེལ་ཐབས་སུ་ངེད་ལྷན་ཚོགས་ངོས་ནས་ཕྲུ་གུ་རིགས་ལ་སློབ་ཡོན་འཚོལ་སྒྲུབ་གནང་ཐབས་ཀྱི་ལམ་གྱི་བོད་མིའི་འཚོ་བར་རམ་འདེགས་གནང་གི་ཡོད།

  • རྒན་རྒོན་

དེའང་ལོ་ན་མཐོ་བོར་སོན་ཞིང་གཟིགས་གཞི་བདེ་ཐང་མིན་པའི་བོད་མི་རྒན་རྒོན་གང་མང་ཞིག བོད་ནང་ཐོག་མར་རྒྱ་གར་ཏུ་སྐྱབས་བཅོལ་ཏུ་སླེབས་ནས་ས་རྐོ་རྡོ་སློག་སོགས་ལམ་བཟོ་བའི་ལས་ལ་ཞུགས་ཤིང་། ཡང་སྐབས་འདིར་འཚོ་བ་གཙོས་པའི་སྨན་སྦྱོར་གྱི་མཐུན་རྐྱེན་ཞན་ཞིང་ས་ཁམས་གནམ་གཤིས་གང་ཐད་ནས་འཕྲོ་མིན་གྱི་དབང་གིས། གཟུགས་པོ་ནད་གཅོང་ཆགས་པ་ཧ་ཅང་མང་བོ་ཡོད་ཐོག བཟའ་ཟླ་ནང་མིའང་མེད་པ་དང་ཡོད་ཀྱང་ཡུན་རིང་ནད་མནར་གྱི་དབང་གིས་ལྟ་རྟོག་གི་ཡི་ག་ཆད་པ་སོགས། གང་ལྟར་རྒན་རྒོན་གང་མང་ཞིག་གིས་རང་མགོ་རང་ཐོན་གྱི་འཚོ་བ་བསྐྱལ་ཐུབ་ཀྱི་མེད་པས་དེ་དག་ལ་རོགས་ཕན་ཕྲན་བུ་བྱེད་བསམ་གྱི་ངེད་ལྷན་ཚོགས་ངོས་ནས་ད་བར་ཧུར་ཐག་གིས་སྦྱིན་བདག་འཚོལ་སྒྲུབ་གནང་མུས་སུ་ཡོད།

  • དབང་བོ་སྐྱོན་ཅན་

ཡང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་སུ་དབང་བོ་སྐྱོན་ཅན་གྱི་ནང་མི་མི་ཉུང་ཞིག་མཆིས་པས། དེ་དག་གི་འཚོ་བའང་སྐྱོ་བོ་ཡིན་པས་སྨན་བཅོས་བྱེད་པར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་མུས་སུ་ཡོད་ན། ངེད་ལྷན་ཚོགས་ངོས་ནས་དེ་དག་གི་ཆེད་དུ་སྨན་དོད་ཀྱི་ཚུལ་དུ་ཞབས་འདེབས་གཙོས་རོགས་དངུལ་འཚོལ་སྒྲུབ་གནང་གི་ཡོད།

དེ་ལྟར་གོང་གི་རིགས་སུ་ཚུད་པའི་བོད་མི་སུ་ཡིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རོགས་དངུལ་སྙན་ཞུ་འབུལ་འདོད་ཡོད་མཁན་རྣམས་ཀྱིས་ཐུགས་འཇགས་གནང་དགོས་ཁག་གམ། གཤམ་གྱི་ཆ་རྐྱེན་ཐོག་འབུལ་ཨེ་ཐུབ་ལྟ་ཀྱིན་ཡོད་ན། དོ་བདག་གི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ངོ་སྦྱོར་ཡི་གེ་དང་ལྷན་དུ་ས་གནས་བདེ་དོན་གྱི་རྒྱབ་གཉེར་ཡི་གེ་བཅས་ཀྱི་ཁར། དོ་བདག་གི་ཕྱེད་པར་དང་འཚོ་བའི་གནས་བབ་གང་ཡིན་གསལ་བཤད་ཀྱི་སྙན་ཞུ་ཞིག་ཀྱང་དགོས་པས། དེ་དག་ཚང་བའི་སྒོ་ནས་སྤྲགས་ཁང་གློག་འཕྲིན་གང་རུང་བརྒྱུད་ངེད་ལྷན་ཚོགས་ལ་འབུལ་གནང་ཡོད་པར་ཞུ།