བུད་མེད་ཀྱི་ཚད་མཐོའི་འགན་ཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག

49 Views

ATWLTདེའང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉིན་བཅུའི་རིང་གི་བུད་མེད་ཀྱི་ཚད་མཐོའི་འགན་ཁུར་སྣེ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དེ་ལེགས་གྲུབ་མཇུག་སྒྲིལ་བྱུང་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༨ ནས་ཚེས་ ༢༧ བར་ཉིན་བཅུའི་རིང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལས་བྱེད་དང་མཐོ་སློབ་འགྲིམས་བཞིན་པའི་བོད་རིགས་བུད་མེད་ཚོར་ཚད་མཐོའི་མགོ་ཁྲིད་སྦྱོང་བརྡར་གྱི་ཟབ་སྦྱོང་ཞིག་སྤྲད་ཡོད་ཅིང་། ཉིན་མཐའ་མའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་གྱི་བུད་མེད་ཆབ་སྲིད་ལས་འགུལ་པ་ཀཱེ་རན་བྷེ་ཊི་(Dr.Kiran Bedi) དང་། སྤྱི་ཚོགས་ལས་འགུལ་པ་ལྕམ་ཇཱ་ཡཱ་(Jaya Jaitlley)། གྷན་ཌེ་ཞི་བདེ་ཐེབས་རྩའི་ཚོགས་གཙོ་རཱ་ཌཱ་བྷ་ཊི་(Radha Bhatt)། འབར་མའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨ་ལཱ་ཎ་(Dr.Alana Golmei) བཅས་ཕེབས་ཏེ་བུད་མེད་ཀྱི་ནུས་པ་དང་འགན་འཁྲིའི་ཐད་གཏམ་བཤད་བྱས་ཡོད།

ཐེངས་འདིའི་མགོ་ཁྲིད་ཟབ་སྦྱོང་ནང་ས་གནས་འདྲ་མིན་ནས་ན་གཞོན་བུད་མེད་ ༢༥ ཙམ་མཉམ་ཞུགས་བྱས་ཡོད་ལ། ཉིན་ ༡༠ རིང་གི་ཟབ་སྦྱོང་སྐབས་རྒྱ་གར་དང་འབར་མ་སོགས་ཀྱི་བུད་མེད་ཟབ་སྦྱོང་ཆེད་མཁས་པ་ཁག་གདན་ཞུས་ཐོག ཟབ་སྦྱོང་ནང་ཞུགས་མཁན་བོད་རིགས་བུད་མེད་ཚོར་བརྗོད་གཞི་འདྲ་མིན་ཐད་ནས་བུད་མེད་མགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲད་ཡོད་འདུག

ཐེངས་འདིའི་ཟབ་སྦྱོང་གི་ཉིན་མཐའ་མར་ མོན་གྷོ་ན་ཚོགས་ཁང་༼ཨེ་ཤེ་ཡའི་གླིང་གི་བུད་མེད་སྣེ་ཁྲིད་ཀྱི་བྱེད་སྒོ༽ཞེས་དུས་ཡུན་སྐར་མ་དགུ་བཅུ་ཅན་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་གོ་སྒྲིག་བྱས་ཡོད། སྐབས་དེར་བགྲོ་གླེང་བ་ ཀཱེ་རན་བྷེ་ཊི་ལགས་ཀྱིས། “དུས་རྒྱུན་མི་རྣམས་ཀྱི་སྣང་ངོར་མགོ་ཁྲིད་ཅེས་པའི་ཐ་སྙད་འདི་འཆར་མ་ཐག དེ་ནི་ནུབ་ཕྱོགས་ཀྱི་གང་ཟག་ཅིག་ཡིན་ཤག་གནང་གི་ཡོད་མོད། ཨེ་ཤེ་ཡའི་གླིང་ཕྲན་དུའང་ད་བར་མགོ་ཁྲིད་མ་བྱོན་པ་ག་ལ་ཡིན། དཔེར་ན། བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མ་ཧ་མ་དི་གྷན་རྡི་སོགས་སྐྱེས་བོ་ཚད་ལྡན་བྱོན་མྱོང་ལ། དེ་མཚུངས་སུ་བུད་མེད་མགོ་ཁྲིད་ལྕམ་ཨང་སན་སོའུ་ཀི་དང་ཨིན་རྡིར་གྷིན་རྡི། པན་ན་འཛར་པོའུ་ཌོ་སོགས་གདའ་ན། བློ་བསྐྱེད་ཀྱི་མིག་དཔེ་འདི་དག་བཞག་ཆོག”ཅེས་ནན་གསུངས་གནང་ཞིང་། སྤྱི་ཚོགས་ལས་འགུལ་པ་ལྕམ་ཇཱ་ཡཱ་(Jaya Jaitlley)། ལགས་ཀྱིས་མགོ་ཁྲིད་ཀྱི་མཚོན་བྱེད་གསུམ་ཞེས་རང་ཉིད་ཅི་ལྟར་མང་གི་མང་གི་མགོ་ཁྲིད་མཁན་ཞིག་ཏུ་འགྱུར་ཐབས་དང་། མགོ་ཁྲིད་པར་བྱེད་པ་ལ་དགོས་ངེས་ཀྱི་མི་གཤིས་དང་བློས་བཏང་གི་ལེགས་སྐྱེས་གང་འབུལ་སྐོར་གཙོས། བུད་མེད་རྣམས་ཀྱི་རང་བཞིན་ལྷན་སྐྱེས་སུ་ཞི་བདེ་ལ་དགའ་བའི་གང་ཟག་ཅིག་ཡིན་ཙང་། བུད་མེད་ནི་དུས་རབས་འདིའི་ཞི་བདེ་ཡི་དམག་དཔུང་གཅིག་པུ་དང་ཞི་བདེ་ཡི་འབྱུང་ཁུངས་དངོས་སྟེ་ཡིན་ཞེས་གསུངས་པ་སོགས་བགྲོ་གླེང་བ་རིམ་པས་བརྗོད་གཞི་དང་འབྲེལ་བའི་བཀའ་མོལ་གསུང་བཤད་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་གི་འགྲོ་གྲོན་གྱི་ཡོངས་ཁུངས་ནི་སྔར་ལོ་བཞིན་ངེད་ལྷན་ཚོགས་ཁག་ང་འབྲེལ་བའི་རོགས་ཚོགས་ཁག་ནས་ནར་གཏོང་གནང་བ་ཞིག་ཆོགས་ཡོད།

ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་ལྡི་ལི་མཐོ་སློབ་ཀྱི་སློབ་མ་ཚེ་རིང་སྐྱིད་ཀྱིས། བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ཟབ་སྦྱོང་འདིའི་རིགས་ནི། མ་འོངས་པར་བུད་མེད་མགོ་ཁྲིད་གསོ་སྐྱོང་གི་རྨང་གཞི་ཆེན་པོ་ཞིག་ཆགས་ངེས་ཡིན་པ་བརྗོད་འདུག།

No comments

This site uses Akismet to reduce spam. Learn how your comment data is processed.

en_USEnglish