བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱིས་༼ཨ་མས་བུ་བཙལ་བ་༽ཞེས་པའི་ལམ་ནས་༧པཎ་ཆེན་རྩད་གཅོད་གཏོང་བ།

33 Views

TWA Panchen Post Card

སྤྱི་ལོ་༢༠༡༢ ལོའི་ ཟླ་༥  ཚེས་༡༧ ཉིན།  རྒྱ་དམར་གཞུང་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ནས་མི་ལོ་༡༧འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན། འདི་ག་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱིས་༼ཨ་མས་བུ་བཙལ་བ་ཞེས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གང་དུ་ཡོད་མེད་རྩད་གཅོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད།

 བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་དྲི་རྟགས་ཅན་གྱི་ཤོག་བྱང་ཞིག་བཟོས་པའི་ནང་། ཨ་མ་ཞིག་གི་སོ་སོའི་ཤ་ལས་མཆེད་པའི་བུ་ཕྲུག་གནས་གང་ན་འཚོ་བཞེས་ཡོད་མེད་མ་ཤེས་པའི་གནས་བབ་འོག་ཨ་མས་བུའི་བདེ་སྡུག་གི་སླད་དུ་སེམས་ཁྲལ་དང་དྲན་གདུང་། བུའི་ཆེད་དུ་སྨོན་ལམ་ཤུགས་དྲག་འདེབས་པའི་ཚུལ་གྱི་འཕྲིན་ཐུང་ཞིག་བྲིས་ཡོད་པ་དང་། དེ་ཉིད་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་པད་མ་འཕྲིན་ལས་ཀྱི་ཁ་བྱང་སྟེང་བསྐུར་ནས་༧པཎ་ཆེན་རིན་པ་ཆེ་གང་དུ་ཡོད་མེད་རྩད་གཅོད་དང་། ལས་འགུལ་འདི་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་གཙོ་འགན་འོག ས་གནས་ས་ཐོག་ནས་ས་ཁུལ་དེ་གའི་ཨ་མ་ཡིན་པ་དང་ཡིན་ངེས་པའི་བུད་མེད་སུ་ཡིན་གྱི་ས་ཡིག་གང་མང་མང་གཟེད་ཅིང་། ཁྱོན་ས་གནས་༢༥ནས་ས་ཡིག་གཟེད་པའི་ཤོག་བྱང་༡༠༠༠༠ལྷག་ཙམ་བསྐུར་ཐུབ་པ་བྱུང་ཡོད།

དེ་བཞིན་ཉིན་དེའི་ཞོགས་པ་ནས་དགོང་དྲོའི་བར་གྱི་ཉིན་ཧྲིལ་པོར་༧པཎ་ཆེན་རྩད་ཞིབ་ཀྱི་ཞུ་གཏུགས་ཡི་གེར་མཚན་རྟགས་བསྡུ་རིབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་ལ། ས་ཡིག་གང་བྱུང་རྣམས་རྒྱ་ནག་གི་འཐབ་ཕྱོགས་གཅིག་འགྱུར་ཁང་གི་འགན་འཛིན་གཞོན་པ་ཀྲོ་ལྦེ་ཆེའོ་ཡི་ཁ་བྱང་སྟེང་བསྐུར་ཡོད།

དེའང་༧གོང་ས་མཆོག་གིས་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོང་སྲིད་དུ་ངོས་འཛིན་གནང་རྗེས། རྒྱ་གཞུང་གིས་ཁོང་བཙན་ཁྲིད་བྱས་ནས་མི་ལོ་བཅུ་བདུན་འཁོར་ཡོད། དེའི་ཐད་ཉེ་སྔོན་གསར་འདེམས་བྱུང་བའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མས་  “དགེ་འདུན་ཆོས་ཀྱི་ཉི་མ་བཙན་ཁྲིད་བྱས་པ་འདི་ནི་བོད་མིའི་ཆོས་དད་རང་མོས་བཙན་འཕྲོག་བྱས་དཔེ་མཚོན་ཙམ་དུ་མ་ཟད། སྤྱིར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་རེད་”ཅེས་ནན་བརྗོད་གནང་སོང་།

དེ་སྔར་ སྤྱི་ལོ་༢༠༡༠ ལོར། བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་གཙོ་པད་མ་འཕྲིན་ལས་ཀྱིས་  “དགེ་འདུན་ཆོས་ཀྱི་ཉི་མ་དང་། ཁོང་གི་ནང་མི་ཚང་མ་མི་སེར་དཀྱུས་མར་སོང་། ཁོ་ཚོ་མི་སེར་སྤྱི་མཚུངས་ལྟར་བདེ་འཇགས་ཀྱི་འཚོ་བ་རོལ་ནས་བསྡད་ཡོད་”སྐོར་བརྗོད་ཡོད། འོན་ཀྱང་།  རྒྱ་ནག་གིས་ད་ལྟའི་བར་ཏུ་བསྒྲགས་གཏམ་ནང་བཀོད་པ་རྣམས་བདེན་པ་ཡིན་པའི་ཁུངས་སྐྱེལ་གཅིག་ཀྱང་གསལ་འདོན་བྱས་མེད།

ཚང་མས་མཁྱེན་གསལ་ལྟར། ད་བར་རྒྱལ་སྤྱིའི་ཐོག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག  སྐྱེ་བོ་སྒེར་བཅས་ནས་ད་བར་རྒྱ་དམར་གཞུང་ལ་པཎ་ཆེན་རིན་པོ་ཆེ་ཡི་བདེ་འཇགས་དང་། ཁོང་གང་དུ་ཡོད་མེད་ཀྱི་ཨ་ལན་ཁ་གསལ་དགོས་སྐོར་བརྡ་འདེད་རབ་དང་རིམ་པ་བྱས་ཀྱང་། བློ་ཕམ་པ་ཞིག་ལ་རྒྱ་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཙམ་མ་ཟད། ཐ་ན་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་གར་ཡོད་གནས་ཚུལ་ཁུངས་སྣེ་ཙམ་ཡང་ཕྱི་བསྒྲགས་བྱས་མེད་པས། ཇི་སྲིད་༧པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་མ་གཏོང་བ་དེ་སྲིད་དུ་ང་ཚོས་མུ་མཐུད་ལས་འགུལ་སྤེལ་ངེས་ཡིན།

 

No comments

This site uses Akismet to reduce spam. Learn how your comment data is processed.

en_USEnglish