བུད་མེད་ལངས་གླུ།

གསོན་ཅིག་ཆོལ་གསུམ་བོད་ཀྱི་བུད་མེད་རྣམས།།
བསྟན་འགྲོའི་དཔྱིད་དཔལ་ཆོས་སྲིད་བོད་རྒྱལ་ཁབ།།
སྔོན་ལས་ངན་འབྲས་དུས་སུ་བདོ་བ་ཡིས།།
རྒྱ་དམར་ཀླ་ཀློའི་དྲག་དཔུང་བཙན་བཟུང་ལ།།
ཆིག་སྟོང་དགུ་བརྒྱ་ང་དགུའི་ཟླ་གསུམ་པའི།།
བཅུ་གཉིས་ཉིན་མོར་རང་གི་རྒྱལ་ཁབ་ཕྱིར།།
སྒེར་ལངས་དཔུང་ཚོགས་ཀླ་ཀློའི་རྒྱ་དམར་ལ།།
བོད་ཀྱི་རྒྱལ་གཅེས་དཔའ་མོ་མང་ཚོགས་ཀྱིས།།
ལུས་སོགས་བློས་བཏང་ངོ་རྒོལ་མཛད་པ་ལ།
སྙིང་ནས་གུས་བཀུར་སྐུ་དྲིན་རྗེས་དྲན་ཞུ།།
སྔ་འགྱེལ་དཔའ་བོ་ཕོ་མོའི་ཁྲག་རྗེས་མཇུག།།
རྗེས་དེད་སླར་ཡང་གྱ་བཞིའི་ཟླ་དགུ་བའི།།
ཚེས་བཅུ་ནས་བཟུང་རང་དབང་སྒེར་ལངས་ཕྱིར།།
རྒྱལ་ཡོང་བོད་ཀྱི་བུད་མེད་བྱེས་ཡུལ་དུ།།
ལྷན་འཛོམས་བདེན་དོན་རྩོད་འགན་དང་བླངས་ཀྱིས།།
འགྲུབ་འབྲས་ལོ་ལོར་གོང་བསྐྱོད་ཡོད་མུས་ཀྱང།།
ད་ལྟ་རང་དབང་རང་ལག་སོན་པར་མེད།།
བོད་ནི་འཛམ་གླིང་སྟེང་དུ་སྟོར་ལ་ཁད།།
དེང་སྐབས་འཛམ་གླིང་བསྟན་འགྲོའི་བདེ་སྐྱིད་དང།།
བོད་པར་འབྲེལ་ཡོད་ཏཱ་ལའིབླ་མས་གསུངས།།
དེ་ལྟར་ལགས་སུ་གསོན་ཅིག་ཆོལ་གསུམ་དང།།
ལྷག་པར་སྤུན་ཟླ་བོད་ཀྱི་བུད་མེད་རྣམས།།
རྐུན་ཇག་རྒྱ་དམར་ཐར་བཀྲོལ་གཏོང་བའི་ཕྱིར།།
བདེན་དོན་མེ་ལྕེའི་དར་ཆ་ཆེ་བསྒྲེངས་ཏེ།།
མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་ཤོག།།
རྩ་ཕུང་ཆེ་ཡང་མེ་ལྕེ་ཆུང་ངུས་བསྲེག།།
བསྟན་འགྲོ་སྤྱི་དང་འཛམ་གླིང་བདེ་སྐྱིད་ཕྱིར།།
མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ཤོག།།
ཏཱ་ལའི་བླ་མའི་སྐུ་དྲིན་དྲན་བཞིན་དུ།།
མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ཤོག།།
རྒྱལ་གཅེས་དཔའ་བོ་དཔའ་མོའི་སྐུ་དྲིན་ཕྱིར།།
མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ཤོག།།
གཅིག་སྒྲིལ་བྱུང་ན་ཐབས་བརྒྱ་བྱུས་སྟོང་ཡོང།།
གཅིག་སྒྲིལ་བྱུང་ན་བོད་ཀྱི་རྩ་དོན་aབསྒྲུབས།།
དགའ་ཡང་དགའ་ལ་སྐྱིད་ཀྱངསྐྱིད་པ་ཡིན།།
དགའ་སྐྱིད་བརྟན་དུ་བྱུང་བའི་བཀྲ་ཤིས་ཤོག།།
དམར་ནག་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག།།
བོད་དོན་བདེན་མཐའ་སེལ་བའི་བཀྲ་ཤིས་ཤོག།།
རྟེན་འབྱུང་བསླུ་བ་མེད་པས་བཀྲ་ཤིས་ཤོག