བཙན་བྱོལ་ནང་གི་གསར་འགྱུར།

བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་ཞུས་ཏེ་ལོ༣༠འཁོར་བ།

༄༅།། དེ་རིང་གི་ཉིན་མོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱ་གར་དུ་སླར་གསོ་ཞུས་ཏེ་ལོ་༣༠ འཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་རྒྱུའི་ཐོག་མར། ཕྱི་ལོ་༡༩༥༩ཟླ་༣ ཚེས་༡༢ཉིན་བོད་ཀྱི་བདེན་པའི་འཐབ་རྩོད་ནང་མཉམ་ཞུགས་གནང་མཁན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་བཀྲིན་རྗེས་དྲན་གྱིས་གུས་འདུད་ཞུ་རྒྱུ་དང་། དེ་མཚུངས་བོད་ནང་གཙོ་བོར་བྱས་པའི་བོད་ཕྱི་ནང་གཉིས་ནས། བོད་ཀྱི་བསྟན་པ་ཆབ་སྲིད་ཉག་ཕྲ་ལས་སྐྱོབ་ཕྱིར་ད་བར་རང་ལུས་མེར་བསྲེགས་གནང་མཁན་ ༡༣༡  ལྷག་ཙམ་བྱུང་བ་དེ་དག་གི་རྒྱལ་གཅེས་ལྷག་བསམ་ལ་བླ་མེད་གུས་བཀུར་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་བཞིན། ཕྱི་ལོ་ ༡༩༥༩། ༣། ༡༢ཉིན་རྒྱལ་ས་ལྷ་སར་རྒྱ་དམར་གྱིས་ཁྲིམས་འགལ་ཐོག་བོད་ས་ཡོངས་རྫོགས་བཙན་བཟུང་དང་བོད་མི་ས་ཡ་གཅིག་ལྷག་དམར་གསོད་གཏོང་བ། དེ་བཞིན་དགོན་པ་དང་རྩ་ཆེན་ལྷ་སྐུ་རྟེན་སྲུང་སོགས་ཚད་ལས་བརྒལ་བའི་གཏོར་སྐྱོན་གཏོང་བའི་ཛ་དྲག་གི་དུས་བབ་དེ་ལྟ་བུའི་འོག བོད་ཀྱི་བུད་མེད་རྣམས་ཀྱིས་རང་གཞུང་གི་དབུ་འོག་དཔུང་འདེགས་དང་རྒྱ་གཞུང་ལ་ཞི་རྒོལ་བྱ་ཕྱིར་ཆེད་བཙུགས་ཞུས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོལ་གསུམ་བོད་ཀྱི་བུད་མེད་ཀྱི་སྒྲིག་འཛུགས་འདི་ཉིན་དབུ་བརྙེས་པ་རེད།

ཕྱི་ལོ་ ༡༩༨༤།༩།༦ཉིན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དགུ་བའི་ཆོལ་གསུམ་སྤྱི་འཐུས་འདེམས་ཕྱོགས་སྐོར་ལ་ཆེད་འགུགས་བསྐྱངས་པའི་ཚོགས་ཞུགས་པ་རྣམས་ལ་བླང་དོར་གྱི་བཀའ་སློབ་གནང་སྐབས། ༼སྔོན་དུ་བུད་མེད་ཚོགས་པ་ཞིག་ཡོད་མུས་ལ་བར་ལམ་འཇའ་ཡལ་བ་ལྟ་བུར་གྱུར་འདུག དེང་འཛམ་གླིང་སྤྱི་སྲོལ་ལྟར་བུད་མེད་ཚོགས་པ་སྲ་ཐག་ཐག་ཅིག་བྱུང་ན་དགེ་མཚན་ཡོད།༽ཅེས་སོགས་བཀའ་སློབ་སྤྱི་ཕེབས་ཀྱི་དགོངས་དོན་བཞིན་རྡ་སར་བཞུགས་པའི་བུད་མེད་ཡོངས་ནས་བཀའ་དགོངས་དང་ལེན་ཞུས་ཏེ།  བུད་མེད་རང་ཉིད་ཀྱིས་འགན་འཁུར་གཙང་བཞེས་ཐོག ༡༩༨༤། ༩། ༡༠ ཉིན་ཚོགས་མི་གྲངས་  ༨༠༠ ཙམ་དང་ས་གནས་ཡན་ལག་ཁག་༡༢ བཙུགས་ཐུབ་པ་བྱུང་ཡོད་ཐོག། དེང་གི་འཆར་ཨེ་ཤ་ཡ་གཙོས་རྒྱལ་སྤྱིའི་གླིང་ཕྲན་བཞི་ཡི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ལ་ས་གནས་ཡན་ལག་ ༥༦ དང་ཚོགས་མི་གྲངས་འབོར་ ༡༧༠༠༠ཡོད་པའི་སྒྲིག་འཛུགས་སྲ་བརྟེན་ཞིག་ཡིན་ཐོག་གཞུང་གིས་ངོས་ལེན་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྙིང་ཤོས་དེའང་ཆགས་ཡོད།

སྔར་ལོ་ནས་ཁྲིམས་དོན་ནུས་སྟོབས་གོང་སྤེལ་གྱི་ལས་གཞི་ཞིག་འགྲོ་བཞིན་པ་ལྟར།འདི་ལོའང་སླར་ཡང་འགོ་བཙུགས་ཀྱི་སྐོར་བསྐྱོད་དུ་འགྲོ་མུས་སུ་ཡོད་པ་དང་།ལས་གཞི་འདི་བརྒྱུད་ནས་ང་ཚོས་བཙན་བྱོལ་སྤྱི་ཚོགས་ཀྱི་ཕོ་མོ་དབྱེར་མེད་ལ་ཁྲིམས་ཀྱི་གོ་རྟོགས་དང་། ལྷག་པར་དཀའ་ངལ་དང་གནོད་འཐེབ་ཕོ་མོ་རྣམས་ལ་ཁྲིམས་ཀྱི་སྲུང་སྐྱོབ་གང་ཡོད་ཀྱི་ངོ་སྤྲོད་ལམ་སྟོན་ཞུས་མུས་ཡོད་པ་བཞིན་ཕན་འབྲས་ཀྱང་མི་དམན་པ་ཞིག་སོན་ཡོད་པའི་ཡིད་ཆེས་བྱུང་།

དེང་གི་ཆར་བོད་ནང་གི་ས་ཁུལ་གང་སར་རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་གྱི་རྐྱེན་གྱིས་བོད་མི་རྣམས་ཀྱི་ཆེས་མ་མཐའི་འཚོ་རྟེན་ལ་རང་དབང་མེད་པར།འབྲོག་ས་དང་ཞིང་ས་བཙན་གྱི་གཞུང་བཞེས་གཏོང་བ་དང་། ཡུལ་སྲོལ་རྟ་རྒྱུགས་ཀྱི་འདུ་འཛོམས་བྱེད་དུ་མ་བཅུག་པར་སྲིད་གཞུང་གིས་དམ་དྲག་དང་དྲག་གནོན་བྱས་པ་བརྒྱུད། ཕྱི་ཟླ་༨ ཚེས་༡༡ ཉིན་གྱི་མཚན་མོ་ཁམས་སེལ་ཤུལ་རྫོང་། སྡེ་དགེ་འདན་མ་(ལོ་ཕྱུག་)ཤུག་པ་སྡེ་པའི་སྡེ་དཔོན་དབང་གྲགས་རྒྱ་གཞུང་གིས་འཇུ་བཟུང་དང་།  ཕྱི་ཚེས་༡༢ ཉིན་མི་མང་གིས་ཞི་རྒོལ་བྱེད་སྐབས། དྲག་གནོན་གྱིས་མི་མང་རྨས་སྐྱོན་འཚབ་ཆེན་འཐེབ་ཡོད་པ་མ་ཟད། གྲོང་བའི་རྒན་བྱིས་མ་གཏོགས་སྐྱེས་པ་ཕོ་ཕལ་མོ་ཆེ་ད་ཆ་བཙོན་འཇུག་བཀག་གཉེར་གྱིས་གནས་སྟངས་ཛ་དྲག་ཆགས་འདུག་པ་མ་ཟད། ཡང་ཕྱི་ལོ་༢༠༡༤ ཟླ་༦ ཚེས་༡༨་ཉིན། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguoགིས་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་པའི་བརྒྱུད་ལྷ་སར་མི་རིགས་འདྲེས་མའི་གཉེན་སྒྲིག་གི་ལམ་ནས་བོད་ནང་གྲངས་ཉུང་མི་རིགས་བར་ཆིག་སྒྲིལ་ཡོང་ཐབས་གལ་ཆེན་པོ་ཡིན་ལུགས་བཤད་པ་ནི། དྲུང་ཆེ་སྒེར་གྱི་བསམ་ཚུལ་དང་གཏམ་བཤད་ཙམ་མ་ཡིན་པར།  དེ་ནི་རྒྱ་གཞུང་གི་དངོས་སུ་ལག་བསྟར་བྱེད་བཞིན་པའི་རྔམ་གནག་གི་སྲིད་ཇུས་ཤིག་དང་། སྲིད་ཇུས་དེ་བརྒྱུད་ནས་རང་རེས་བོད་མི་རིགས་རྩ་བརླག་གཏོང་འཆར་ཡོད་པ་གསལ་བ་ཡིན།

དེ་ལྟ་ན།  བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཟུང་ཐོག བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བར་བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་སྤེལ་དང་དྲིལ་བསྒྲགས་གཙོས།  ཁྲིམས་དོན་དང་ཤེས་ཡོན། འཕྲོད་བསྟེན་དང་འབྲེལ་བའི་ནུས་སྟོབས་གོང་འཕེལ་ལ་སྨན་པའི་ཟབ་སྦྱོང་། སྤྱི་ཚོགས་ཞབས་ཞུ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་འགན་ཁུར་ལྷོད་མེད་ཞུས་ཁག་གི་ཞིབ་ཕྲའི་གནས་ཚུལ་རྣམས་འགན་ལྷན་སྐབས་ཞུས་ཟིན་པ་སླར་ཡང་བསྐྱར་བཟློས་མ་དགོས་པའི་ཐོག

ངེད་ལྷན་ཚོགས་ཀྱིས་དོ་ནན་ཆེན་པོས་སླར་གསོ་ཡི་ཉིན་མོ་དང་བསྟུན་ནས་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ལ་དགོས་འདུན་འགའ་ཞུ་རྒྱུར།

༡) བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་བཟུང་བའི་སྲིད་ཇུས་དབུ་མའི་ལམ་གཞིར་བཞག་ཐོག བོད་རྒྱ་ཞི་མོལ་ཡོང་སླད་། རྒྱལ་སྤྱིའི་དྲང་བདེན་ལ་མོས་པའི་གཞུང་སྒེར་གཉིས་ཐད་ནས་རྒྱ་གཞུང་གི་མཁྲེགས་འཛིན་དང་ལོག་འགྲེལ་ལ་བདེན་པའི་གསལ་འདེབས་ཐོག གྲོས་མོལ་འགོ་བཙུགས་དགོས་པའི་གནོན་ཤུགས་སྤྲོད་གནང་ཡོད་པ་ཞུ་རྒྱུ་དང་།

༢) མི་ལོ་དྲུག་ཅུ་རིང་བོད་ནང་གི་དཀའ་སྡུག་གནས་སྟངས་སྤྱི་དང་། ཡང་སྒོས་དེང་སྐབས་རྒྱ་གཞུང་གིས་བོད་ནང་ཞི་དྲག་གཉིས་ཐོག་བོད་ནང་རིགས་རྒྱུད་རྩ་མེད་རིང་ལུགས་ཀྱི་སྲིད་བྱུས་སྒོ་ཀུན་ནས་སྤེལ་བཞིན་ཡོད་ན། རྒྱལ་ཚོགས་ངོས་ནས་གང་མགྱོགས་བྱང་ཆིངས་མནའ་འབྲེལ་སྒྲིག་འཛུགས་བོད་ནང་ཛ་དྲག་གི་ཐོག་ནས་གཏོང་གནང་ཡོད་པ་འབོད་བསྐུལ་ཞུ་རྒྱུ།

༣) བོད་ནང་ཞི་བའི་ངོ་རྒོལ་བྱེད་ཀྱིན་པར་རྒྱ་གཞུང་གིས་ཁ་བྲལ་འཇིགས་སྐུལ་བའི་ཉེས་མིང་འོག་མནར་གཅོད་དྲག་པོ་གཏོང་བཞིན་པ་དང་། ལྷག་པར་རྒྱལ་སྤྱིའི་ཧྲིལ་པོའི་སྟེང་ཆེ་མཐོང་དང་བརྩི་བཀུར་ཡོད་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ཆེན་པོ་མཆོག་ལ་མ་ཉེས་ཁ་གཡོག་དང་མཚན་སྨད་ཞུ་བ་དང།   མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་འཇིགས་བསྐུལ་བ་ཡིན་ལུགས་བརྗོད་པ་བཅས་ནི་བོད་མི་རིགས་ལ་མཐོང་ཆུང་དང་དྲང་བདེན་གྱི་འཐབ་རྩོད་ལ་ལོག་འགྲེལ་རྒྱབ་པ་ཞིག་ཡིན་དུས་དེའི་མཇུག་འབྲས་རྒྱ་གཞུང་གིས་ཁུར་དགོས་ཡོད།

༤) བོད་ནང་གི་ཞི་བའི་ངོ་རྒོལ་སྤྱི་དང་། ཁྱད་པར་དུ་རྒྱ་གཞུང་གི་ཡ་ང་སྙིང་རྗེ་མེད་པའི་སྡིག་རྩུབ་སྲིད་བྱུས་ཀྱི་འགོ་འཚོ་གནས་མ་ཐུབ་པར་རང་ལུས་མེར་བསྲེགས་གནང་གི་ཡོད་པ་དེར། རྒྱ་གཞུང་གི་སྤྱི་འབངས་ངོས་ནས་དོན་དངོས་གསལ་རྟོགས་མ་ཐུབ་པའམ། ཡང་ན་གཞུང་ཕྱོགས་ཀྱི་ལོག་འགྲེལ་གྱི་རྐྱེན་བྱས་པ། གང་ལྟར་དེའི་ཐད་དགོས་ངེས་ཀྱི་སེམས་ཚོར་དང་གདུང་སེམས་མཉམ་སྐྱེད་མེད་པ་ནི། ང་ཚོ་འགྲོ་བ་མིའི་རིགས་སྤྱི་ལ་གོད་ཆག་ཆེན་པོ་ཞིག་འབྱུང་ཉེ་བའི་སྣ་འདྲེན་ཡིན་ན། རྒྱལ་སྤྱིའི་གཞུང་མང་ཡོངས་ནས་ཅིས་ཀྱང་དོ་ཁུར་བྱེད་པའི་དུས་ལ་རན་པ་ཡིན་ཞུ་རྒྱུ།

༥) ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཙོས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དང་། ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གློལ་དགོས་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་འབོད་བསྐུལ་ཞུ་རྒྱུ།

༦) སྡེ་དགེ་འདན་པའི་སྡེ་དཔོན་རྒན་གཞོན་གཙོས་འཇུ་བཟུང་བྱས་པ་རྣམས་ཆ་རྐྱེན་མེད་པའི་ཐོག་འཕྲལ་དུ་གློད་བཀྲོལ་དགོས།

མཐའ་དོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཛམ་གླིང་ཞི་བདེའི་དེད་དཔོན། བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་བཀྲིས་སྨོན་འདུན་བཅས།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།ཕྱི་ལོ་༢༠༡༤།༩།༡༠