ལས་རྟགས།

ལས་རྟགས་ཀྱི་སྙིང་དབུས་སུ་མེ་ཏོག་པདྨ་དང་། ཤེལ་ཕྲེང་བཀོད་པ་འདིས་བོད་ཆོས་ལྡན་རྒྱལ་ཁབ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་པ་མཚོན་པ་དང་། གཡས་སུ་དཔལ་ལྡན་ལྷ་མོའི་ཕྱག་མཚན་བེ་ཅོན་དང་གཡོན་དུ་གནས་ཆུང་ཆོས་རྒྱལ་ཆེན་པོའི་ཕྱག་མཚན་རྟེན་མདུང་བཀོད་པ་འདིས་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་ལ་ནམ་ཡང་གཡོལ་མེད་སྡོངས་གྲོགས་མཛད་ཀྱི་ཡོད་མཚོན་པ་ཡིན་།

བུད་མེད་ལྷན་ཚོགས་ཀྱི་ལས་རྟགས་ཀྱི་ཁ་རིས་དེ་ལྟར་བཀོད་པའི་རྒྱུ་མཚན་ནི།སྒྲིག་འཛུགས་འདི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་ཆོལ་གསུམ་ལུང་ཚན་གྱི་ཕྱོགས་རིས་ཀྱི་བསམ་བློ་དོར་ནས་རྒྱལ་ཁབ་དང་།མི་རིགས་ཀྱི་ཆབ་སྲིད་ལྟ་བ་བརྟན་པོ་བཙུགས་ཏེ་བོད་དོན་བདེན་པའི་འཐབ་ཙོད་མཐའ་འཁྱོངས་དང་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་པའི་ཆེད་དུ་ཆོལ་གསུམ་བུད་མེད་ཡོད་དོ་ཅོག་གི་རྒྱལ་གཅེས་ལྷག་བསམ་གྱི་ནུས་པ་གཅིག་ཏུ་སྤུངས་ཏེ་ལས་འགུལ་སྤེལ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པས་ཉིན་མཚན་དུས་དྲུག་ཏུ་བསྟན་སྲུང་དམར་ནག་གཉིས་ཀྱི་མེལ་ཚེ་སྲུང་སྐྱོབ་ཡོད་པ་ཡིན་