སྒྲིག་གཞི།

ལེ་ཚན་དང་པོ་། ཚོགས་པའི་མིང།

བོད་ཀྱི་བུད་མེད་ལྷན་ཚོགས་།

 

 

ལེ་ཚན་གཉིས་པ། ཚོགས་པའི་ངོ་བོ།

༡༽ ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་།བོད་མིའི་སྒྲིག་

འཛུགས་ཀྱི་དབུ་ཁྲིད་འོག་བོད་མི་ཡོངས་ཀྱི་ཡིད་ལ་བརྣག་པའི་འདོད་དོན་

འཐབ་རྩོད་ཡང་དག་པ་བྱེེེེེེད་སླད་བོད་ཀྱི་བུད་མེད་ཡོད་དོ་ཅོག་གི་རྒྱལ་གཅེས་

ལྷག་བསམ་སྙིང་སྟོབས་འཇོན་ཐང་འགུལ་ཤུགས་བཅས་ཀྱི་ནུས་སྟོབས་གཅིག་ཏུ་བསྡུས་པའི་ཆོལ་གསུམ་བོད་ཀྱི་བུད་མེད་ཀྱི་སྒྲིག་འཛུགས་ཤིག་ཡིན།

 

༢༽བོད་ཀྱི་བུད་མེེེེེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་མཚོན་དོན་དུ་ཆོལ་གསུམ་བུད་མེད་ཀྱི་དཔར་རིས་དེ་བཞིན་དཔར་སྐྲུན་གང་གནང་ཐོག་ངེས་པར་འཁོད་

དགོས་རྒྱུ།

 

ལེ་ཚན་གསུམ་པ། ཚོགས་པའི་ལས་ཁུངས་མཐོ་ཤོས།

དབུས་སྤྱི་ཁྱབ་རྒྱུན་ལས་ཁང་

 

ལེ་ཚན་བཞི་པ། ཚོགས་པའི་དམིགས་ཡུལ།

ཀ༽ ཕྱི་ལོ་ ༡༩༥༩ བོད་ས་ཕག་ཟླ་བ་གཉིས་པའི་ནང་བོད་རྒྱལ་ཁབ་ཆག་འཇིག་འགྲོ་བའི་ཛ་དྲག་

གི་དཀའ་གནད་འཕྲད་སྐབས་གསར་གཏོད་དབུ་བརྙེས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དམིགས་ཡུལ་རྣམས་གཞི་དང་རྩ་བར་བཟུང་ཐོག་བོད་རྒྱལ་ཁབ་ཀྱི་མི་འབོར་ཕྱེད་ཀ་ཙམ་ཚུད་པའི་བུད་མེད་རྣམས་ནས་བོད་གཞུང་དམངས་ཀྱི་བོད་རང་དབང་འཐབ་རྩོད་ཀྱི་འགུལ་སྐྱོད་ལ་ཆོས་ལུགས་ལུང་ཚན་གྱི་བསམ་སྤྱོད་དོར་ནས་འགོ་ཁྲིད་ཡོད་པ་དང་། འཆར་གཞི་ཡོད་པ།  སྒྲིག་འཛུགས་

ཡོད་པ་བཅས་ཀྱི་ཐོག་ནས་རམ་འདེགས་དམ་ཟབ་ཞུ་རྒྱུ་དང་། སྲིད་བྱུས། རྩ་འཛིན་མཛད་ཕྱོགས་

བཅས་སྲུང་བརྩི་ལག་བསྟར་དང་སྦྲགས་སྤེལ་བསྐུལ་རང་བཞིན་གྱི་གོང་འོག་འབྲེལ་མཐུད་ཀྱི་རྟ་

ཟམ་ལྟ་བུའི་ནུས་པ་འདོན་ཐུབ་པ་བྱ་རྒྱུ།

 

ཁ༽ བོད་ཆོས་ལྡན་རྒྱལ་ཁབ་ཀྱི་ཐུན་མོང་ཡིན་པའི་ཁྱད་ཆོས་མཆོག་གསུམ་

གཅིག་བསྡུས་འཕགས་མཆོག་སྤྱན་རས་གཟིགས་ལ་དད་བཀུར་བློ་རྩེ་གཅིག་

གཏོད་དང་།ལས་འབྲས་ཀྱི་གནས་ལ་ཡིད་ཆེས།ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་

བཅུ་དྲུག་སོགས་བོད་མིའི་ཡ་རབས་ཀྱི་གོམས་གཤིས་སྤྱོད་བཟང་རྣམས་བདག་གཅེས་ཀྱིས་སྲུང་སྐྱོབ་བྱ་རྒྱུའི་ཐོག་མི་རིགས་རྒྱུད་གཙང་སྤེལ་ཐབས་དང་། བུད་མེད་ཚོའི་ཤེས་ཡོན་དང་། རྣམ་དཔྱོད་ཡར་རྒྱས་གཏོང་ཐབས་བཅས་ཡིན།

 

ལེ་ཚན་ལྔ་པ།ཚོགས་པའི་འོས་ཆོས།

༡) བོད་རྒྱལ་ཁབ་ཀྱི་འབངས་སུ་གཏོགས་པ།

༢) རང་གི་རྒྱལ་ཁབ་དང་མི་རིགས་ལ་གཅེས་ཞེན་ཡོད་པ།

༣) བོད་ཀྱི་བཅའ་ཁྲིམས་དང་།ཆོགས་པའི་སྒྲིག་གཞི་ཁག་་ལ་སྲུང་བརྩི་ཞུ་སེམས་ཡོད་པ།

༤) རྒྱལ་དོན་དཔྱ་དངུལ་བསྡུ་མུས་ཀྱི་ལག་དེབ་ཡོད་པ།

༥) ཚོགས་དངུལ་བསྡུ་སེམས་ཡོད་པ།

༦) དོལ་རྒྱལ་བསྟེན་གསོལ་མི་བྱེད་མཁན་ཡིན་པ།

 

ལེ་ཚན་དྲུག་པ།ཚོགས་མིའི་ཐོབ་ཐང་དང་།ལས་འགན།

རིག་འཚོ་མ་ཟིན་པ་ཕུད། དེ་མིན་རང་ལོ་བཅོ་བརྒྱད་ཡན་ལ་འོས་བསྡུའི་ཐོབ་ཐང་དང་།

རྒྱུན་ལས་ཀྱི་འོས་མིའི་ཐོབ་ཐང་།ཚོགས་པའི་དཔལ་འབྱོར་སོགས་ལས་དོན་ཡར་རྒྱས་ལ་

སྨན་པའི་བསམ་ཚུལ་འདོན་པའི་འགན་དབང་བཅས་ཡོད། ཡིན་ནའང་།ཚོགས་མི་སུ་ཐད་

ནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་པའི་མིང་འཁྱེར་ཏེ་ཚོགས་པའི་དམིགས་ཡུལ་དང་འགལ་

བའི་ལས་དོན་རིགས་བྱེད་མི་ཆོག་པ་ཡིན།

 

ལེ་ཚན་བདུན་པ།ཚོགས་ཆེན་གྱི་དབང་ཚད།

༡༽ཚོགས་ཆེན་སྐབས་ས་གནས་སོསོའི་ཚོགས་གཙོ་དང་དྲུང་ཆེ་གཙོས་མི་འབོར་ལ་གཞིགས་པའི་འཐུས་མི་གཉིས་ནས་ལྔ་བར་བཅར་དགོས་པ་མ་ཟད།རྒྱུན་ལས་གསར་རྙིང་གཉིས་ཀ་ནས་ཚོགས་བཅར་ཞུ་དགོས་པ་ཡིན།

༢༽ཚོགས་པའི་སྒྲིག་གཞི་གསར་བཟོ་དང་།བསྒྱུར་བཅོས།སྣོན་ཕྲི་བཅས་ལ་ཚོགས་ཆེན་སྐབས་ལ་ཚོགས་མི་ངོ་ཡོད་གསུམ་ཆ་གཉིས་ཀྱི་མང་མོས་དགོས།

༣༽བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་འོས་འདེམས་བྱེད་རྒྱུ།

 

ལེ་ཚན་བརྒྱད་པ།དབུས་སྤྱི་ཁྱབ་རྒྱུན་ལས།

༡༽ལེ་ཚན་ལྔ་པའི་ནང་གསལ་སྤྱི་མཚུངས་དགོས་རྒྱུ།

༢༽དབུས་རྒྱུན་ལས་ཀྱི་རྨང་གཞི་འོས་འགྲོ་རྣམས་ས་གནས་སོ་སོར་མ་མཐར་ལོ་གསུམ་ཕྱག་ལས་གནང་མྱོང་བ་འོས་ཁོོང་སུ་ཞུགས་ཆོག།

༣༽དབུས་རྒྱུན་སྔོན་འགྲོའི་འོས་གཞི་དབུས་ས་གཉིས་ནས་འདོན་རྒྱུ་དང་དབུས་རྒྱུན་ལས་རྣམས་ཚོགས་ཆེན་ཐོག་ནས་འོས་འདེམས་ཀྱི་བསྐོ་བཞག་བྱས་པ་ཞིག་དགོས།

༤༽དབུས་རྒྱུན་ལས་ཀྱི་ཚོགས་གཙོ་ས་གནས་སུ་གནས་བཞུགས་མེད་པའམ། འགྱུར་བ་ནམ་

ཕྱིན་ཚོགས་གཞོན་ནས་རང་བཞིན་ཚོགས་གཙོའི་འགན་འཁུར་ལེན་དགོས་པ་ཡིན།

༥༽དབུས་རྒྱུུུན་ལས་པའི་གྲངས་ཚད་བདུན་ནས་བཅུ་གཅིག་པར་དགོས་རྒྱུ།

༦༽ཚོགས་གཙོ་དང་།ཚོགས་གཞོན།དྲུང་ཆེ་བཅས་གསུམ་ཚོགས་ཆེན་ནས་འོས་འདེམས་གནང་རྒྱུ།

༧༽དབུས་རྒྱུན་ལས་ཀྱི་དུས་ཡུན་ལོ་གསུམ་ཡིན།

༨༽དབུས་རྒྱུན་ལས་ཀྱི་ལས་ཡུན་མུ་མཐུད་ཐེངས་གཉིས་གནང་ཆོག་རྒྱུ་དང་།དེ་རྗེས་ལས་ཡུན་གཅིག་བར་མཚམས་འཇོག་དགོས།

༩༽ལས་འགན་ནི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་ལས་དོན་ཁག་བསྒྲུབ་རྒྱུ་དང་།དེ་

མིན་བྱ་འོས་སྐབས་བསྟུན་བསྒྲུབ་རྒྱུ།ས་གནས་བུད་མེད་རྒྱུན་ལས་ཡན་ལག་ཁག་ལ་ལམ་སྟོན་དང་སྟངས་འཛིན་བྱ་རྒྱུ།

༡༠༽གཏན་བཞུགས་དབུས་རྒྱུན་ལས་ཉུང་མཐར་ལྔ་དང་མང་ན་བདུན་བཅས་སྐབས་བསྟུན་

གནས་སྟངས་ལ་གཞིགས་ཏེ་སྐབས་དེའི་དབུས་རྒྱུན་རྣམས་ནས་ཐག་གཅོད་གནང་རྒྱུའི་འགན་

དབང་ཡོད།

༡༡༽དབུས་རྒྱུན་ལས་སུ་འདྲ་ཞིག་ཚབས་ཆེའི་ནད་མནར་རམ་ཛ་དྲག་གི་གནས་ཚུལ་བྱུང་ཚེ་དེའི་ཚབ་ཚོགས་གཙོ་དང་རྒྱུན་ལས་མཉམ་འཛོམས་ཐོག་ཚོགས་ཆེན་སྐབས་ཐག་གཅོད་བྱུང་བའི་འོས་གཞི་གཞིར་བཟུང་ངམ་ཐད་བསྐོ་གནང་རྒྱུའི་འགན་དབང་ཡོད།

༡༢༽དབུས་རྒྱུན་ལས་སུ་དང་བླངས་ལངས་མཁན་ཡོད་ཚེ་ས་གནས་རྒྱུན་ལས་ལོ་གསུམ་བྱས་ཟིན་པ་དང་།རྒྱལ་དོན་དཔྱ་དངུལ་ཆད་མེད་འབུལ་བཞིན་ཡོད་པ་དང་།རང་ལོ་ཉི་ཤུ་རྩ་ལྔ་ཧྲིལ་བོ་ལོན་པ་བཅས་ཀྱི་ཡིག་ཆའི་འདྲ་བཤུས་ཚོགས་ཆེན་མ་འཚོག་པའི་ཟླ་བ་གསུམ་གོང་དུ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་ཟིན་པ་དགོས་རྒྱུ།

༡༣༽ཕྱོགས་གཉིས་ཀའི་ཚགས་ཚུད་དོན་ལྡན་ཡོང་ཆེད་དབུས་རྒྱུན་ནང་སྤྱི་འཐུས་ལས་ཐོག་

འོས་འདེམས་མི་ཆོག།

༡༤༽དབུས་ས་གཉིས་ཀྱི་ལས་ཐོག་པ་ཡིན་ཡང་སྤྱི་རྒྱུ་སྒེར་ཟས་ལྟ་བུའི་བྱས་ཉེས་ཚབ་ཆེའི་དཔང་རྟགས་ཁུངས་འཕེར་ཡོད་ཚེ་གནས་དབྱུང་གཏོང་རྒྱུའི་འགན་དབང་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཡོད།

ལེ་ཚན་དགུ་བ། འགན་འཛིན་ལྷན་ཚོགས།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཟླ་བ་བཅོ་བརྒྱད་རེའི་མཚམས་ལ་འཚོག་རྒྱུ་དང་། འགན་འཛིན་ལྷན་ཚོགས་འདིར་དབུས་རྒྱུན་ལས་རྣམས་དང་།ས་གནས་རྒྱུན་ལས་ཁག་

གི་ཚོགས་གཙོ་དང་། དྲུང་ཆེ་དབུས་འཐུས་མི་གཉིས་ནས་ལྔ་བར་དགོས་པ་ཡིན།

 

ལེ་ཚན་བཅུ་པ། ས་གནས་རྒྱུན་ལས།

༡༽ས་གནས་རྒྱུན་ལས་ཀྱི་གྲངས་ཚད་བདུན་ནས་བཅུ་གཅིག་བར་ཡིན།

༢༽ ས་གནས་རྒྱུན་ལས་རྣམས་ས་གནས་ཀྱི་ཚོགས་མི་རྣམས་ནས་འོས་འདེམས་བྱ་རྒྱུ།

༣༽ ས་གནས་རྒྱུན་ལས་ཀྱི་དུས་ཡུན་ལོ་གསུམ་ཡིན།

༤༽ས་གནས་རྒྱུན་ལས་ཀྱི་ལས་ཡུན་མུ་མཐུད་ཐེངས་གཉིས་གནང་ཆོག་པ་དང་དེ་རྗེས་ལས་ཡུན་གཅིག་མཚམས་འཇོག་དགོས་རྒྱུ།

༥༽ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་དངུལ་བརྒྱ་ཆ་བརྒྱ་དབུས་སུ་འབུལ་རྒྱུ།

༦༽དབུས་རྒྱུན་ལས་ཀྱི་འཆར་གཞི་བཀོད་ཁྱབ་དང་།འགན་འཛིན་ལྷན་ཚོགས་དང་།་ཚོགས་ཆེན་གྱི་གྲོས་ཆོད་གཞིིར་བཟུང་ཕྱག་ལེན་དོན་འཁེལ་དགོས་རྒྱུ།