Apr 18 2013

TWA admin

རྒྱ་གར་རྒྱལ་ཡོངས་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་བྱས་པ།

སྤྱི་ལོ་༢༠༡༢་ཟླ་༦ཚེས་༥ཉིན་ནི་རྒྱལ་སྤྱིའི་ཁྱོན་ཡོངས་ནས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་བྱེད་ཀྱིན་ཡོད་པ་བཞིན། འདི་ག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་འོག རྒྱ་གར་ཕྱོགས་མཐའ་ཁག་གི་ས་གནས་བུད་མེད་ཁྱོན་ཡོངས་ནས། རྒྱང་བསྐྱོད་བང་རྒྱུག་དང་རྐང་འཁོར་འགྲན་རྒྱུག ཁོར་ཡུག་གཙང་བཟོ་དང་སྡོང་ཕྲུག་འདེབས་འཛུགས་ཀྱི་ལམ་ནས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད། དེ་ཡང་འདི་ལོའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལས་གཞིས་ [United Nations Environment Program(UNEP)་་ Green Economy: Does it include you རང་བྱུང་གི་དཔའ་འབྱོར་ཁོར་བསྐྱོད་ཁྲོད་ཁྱེད་འདུའམ་ཞེས་བརྗོད་གཞི་ཞིག་གཏན་འབེབ་གནང་ཡོད་པ་བཞིན། ངེད་ལྷན་ཚོགས་ཀྱི་དེ་མཚུངས་ཀྱི་ལས་འགུལ་སྤེལ་ངེས་ལགས་ན། དཔེར་ན་རླངས་འཁོར་གྱི་རྡོ་སྣུམ་གྱིས་ཁ་དབུགས་མི་གཙང་བ་བཟོ་ཡི་ཡོད་པ་ལྟ་བུ། ཁོར་ཡུག་ལ་དོ་ཕོག་སྣ་མང་འགྲོ་བཞིན་ཡོད་པས། ཉིན་གཅིག་ལ་རྐང་ཐང་དུ་སོང་བ་དེའང་ཁོར་ཡུག་ལ་དངོས་ཤུགས་གཉིས་ནས་ཕན་རླབས་ཆེན་པོ་ཞིག་འབྱུང་གི་ཡོད་པ་གཞིར་བཞག ངེད་དབུས་ས་གཉིས་ནས་ལྗང་མདོག་གི་བང་འགྲན་ཞེས་ཉིན་འདིར་རྒྱུག་ཤར་འགྲན་སྡུར་ཅིག་གོ་སྒྲིག་ཞུས་ཡོད་ལ། ཉིན་འདིར་ད་དུང་དེ་སྔོན་རྡོ་རྗེ་གདན་ནས་འཛམ་གླིང་སྣེ་མོ་གསུམ་པའི་འབྲོག་པ་ཞེས་པའི་མཚན་རྟགས་བསྡུ་རིབ་ཀྱི་ལས་འགུལ་ཞིག་འགོ་འཛུགས་བྱས་ཟིན་པར་རྒྱུན་མཐུད་ནས་ཉིན་དེར་སྤེལ་ཡོད། ཡང་རྣམ་པ་ཚོས་ངེད་ལྷན་ཚོགས་ཀྱི་དྲ་རྒྱའི་ཁ བྱང link: http://tibetanwomen.org/2012/01/nomadsplanetarythird pole petition/བརྒྱུད་ནས་མཚན་རྟགས་བསྡུ་རིབ་ཀྱི་ལས་འགུལ་ལ་མཉམ་ཞུགས་ཆོག་གི་ཡོད། ངེད་ཚོགས་པའི་ཁོར་ཡུག་སྡེ་ཚན་གྱིས་ལག་སོན་བྱུང་བའི་མཚན་རྟགས་ཐོ་གཞུང་རྣམས་རྒྱལ་སྤྱིའི་གནམ་གཤིས་སྐོར་གྱི་ཚོགས་འདུ་སྟེང་འབུལ་ལམ་ཞུ་ཐུབ་པ་བྱ་ངེས་ཡིན། འདི་ཐད་ངེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་འདི་ལྟར་གསུངས་སོང་།  “  སྤྱིར་ས་འཛམ་བུའི་གླིང་འདི་ང་ཚོ་སེམས་ལྡན་སེམས་མེད་ཀུན་གྱི་ཁྱིམ་གཞི་ལྟ་བུ་ཆགས་ཡོད་པ་དང་། ལྷག་པར་ང་ཚོ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་རྟེན་དང་བརྟེན་པར་གནས་པའི་རྟེན་འབྲེལ་གྱི་ཆོས་ཉིད་འདིས་དབང་གིས། ང་ཚོས་སྐམ་ས་དང་ཆུ་བསྡོད་སེམས་ཅན་ཡོངས་བདེ་ཐང་ངང་ཡུན་གནས་ཐུབ་པར་འགན་ཞིག་ཁུར་དགོས་ལ། ལྷག་པར་བོད་ས་འདི་ཉིད་འཛམ་གླིང་གི་ཆུ་བོ་ཀུན་གྱི་ཡོངས་ཀྱི་འབྱུང་ཁུངས་ཆགས་ཡོད་ཙང་། ང་ཚོ་མི་རེ་ངོ་རེ་ནས་གཙང་བོ་རྒྱུག་ཆུ་སོགས་ཀྱི་ནང་དུ་འགྱིག་ཤོག་མི་གཡུག་པ་ལྟ་བུ་རང་རང་གི་གཡས་གཡོན་ཁོར་ཡུག་གཙང་མ་གཉེར་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་ཡིན། ” ངེད་ཚོགས་པའི་ཁོར་ཡུག་སྡེ་ཚན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐྱེས་ཁམས་ཁོར་ཡུག་སྐོར་གྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསྐྱལ་ཐུབ་བྱེད་ཀྱི་ཡོད་ལ། ལྷག་པར་རྒྱལ་སྤྱིའི་ཁོར་ཡུག་སྐོར་གྱི་ཚོགས་འདུ་ནམ་འཚོགས་ལ་བོད་ཀྱི་ཁོར་ཡུག་གི་ཛ་དྲག་ཉམས་ཆག་དང་སྲུང་སྐྱོབ་དགོས་པའི་དགོས་འདུན་འདོན་མུས་ཐོག ད་ལྟ་བོད་ནང་ལག་བསྟེར་བྱེད་བཞིན་པའི་རྒྱ་གཞུང་གི་ཁོར་ཡུག་སྲིད་བྱུས་དེས་བོད་ནང་གི་བོད་མིའི་འཚོ་གནས་ལ་དཀའ་ངལ་ལས་ཕན་རླབས་གང་ཡང་འབྱུང་གི་མེད་པའི་གསལ་འདེབས་ཀྱང་ཞུ་ཡི་ཡོད།

Apr 18 2013

TWA admin

སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ངེད་ལྷན་ཚོགས་ཀྱི་བྱ་འགུལ་སྤེལ་ཕྱོགས་སྐོར་ཀྱི་གསར་འགོད་གསལ་བསྒྲགས།

འཛམ་གླིང་ཞི་བདེ་དེད་དཔོན་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ་གང་ཉིད་བསམ་བཞིན་སྲིད་པ་བཟུང་སྟེ། ཕྱི་ལུགས་ཀྱི་དགུང་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་སྟབས་བསྟུན། འདི་ག་ལྷན་ཚོགས་ངོས་ནས་སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདིར་སྐྱེས་འགྲོ་སྤྱི་མཐུན་གྱི་བསོད་ནམས་གོང་མཐོེར་སྤེལ་ཆེད་རྣམ་དཀར་དགེ་བའི་ལས་དོན་འབའ་ཞིག་སྒྲུབ་གཏན་འཁེལ་བ་ཁག་ནི། ༡ ཁོར་ཡུག་སྲུང་སྐྱོབ་ཆེད་ལྗོན་ཤིང་མེ་ཏོག་བགོ་འགྲེམས་འདེབས་བཙུགས་དང་། ༢ སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་མཛེ་ནད་ཅན་ལ་ཟས་སྦྱིན། ༣ ཡུལ་མིའི་མཐུན་ལམ་ཆེད་ས་གནས་དཔོན་རིགས་དང་གནད་ཡོད་མི་སྣ་ཁག་ལ་མཚོན་དོན་མངར་ཟས་འབུལ་རྒྱུ་བཅས་ཡིན་ན། ལྗོན་ཤིང་འདེབས་བཙུགས་ཀྱི་ལས་གཞི་འདི་བཞིན་ཕྱི་ཚེས་༦ཉིན་གྱི་སྐུའི་འཁྲུངས་སྐར་དགའ་སྟོན་དུ་ཕེབས་པའི་མི་མང་ཚོར་དུད་ཚོང་རེ་རེ་ཡི་དོད་དུ་ཤིང་ཕྲན་རེ་རེ་བགོ་འགྲེམས་ཀྱི་འདེབས་ལས་བྱེད་དུ་འཇུག་རྒྱུ་དང་།    དེ་བཞིན་མཛེ་ནད་སྨན་བཅོས་ལྟེ་གནས་ཀྱི་འབྲེལ་ཡོད་ཚན་པར་བརྒྱུད་མཛེ་ནད་ཅན་གྱི་མི་སྣ་བཅོ་བརྒྱད་ཡོད་པ་ལས་དགུ་བོད་མི་རེད་འདུག་ཅིང་། མི་ཟླ་བཅོ་བརྒྱད་ཡོངས་ལ་ཉིན་དགུང་གི་ཞལ་ལག་དང་ཤིང་ཏོག་སྤུས་ལེགས་ཤིག་འབུལ་གཏན་འཁེལ་ཡོད་ལ།   ཡུལ་མིར་མཐུན་ལམ་ཆེད་དུས་རྒྱུན་ནས་བོད་མི་སྐྱབས་བཅོལ་བ་རྣམས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་།  འདྲིས་གཤིབ་ཡོད་པའི་ས་གནས་དཔོན་རིགས་དང་།   གནད་ཡོད་མི་སྣ་རྣམས་དང་མཐུན་ལམ་ཡུན་གནས་ཡོང་ཆེད་་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་སྟབས་བསྟུན་མངར་ཟས་འདེགས་འབུལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་བཅས།  རྣམ་དཀར་གྱི་ལས་དོན་འདི་དག་ཀྱང་།   འདི་ལོ་༧སྐྱབས་མགོན་གང་ཉིད་ནས་སྲིད་ཕྱོགས་ཀྱི་སྐུ་དབང་མི་མང་ནས་འོས་འདེབས་བྱུང་བའི་བཀའ་ཁྲིར་བརྩི་སྤྲོད་གནང་བ་དང་།   བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་དབང་མཇུག་སྒྲིལ་བའི་གཙོ་དོན་ནི་བཙན་བྱོལ་བོད་མི་སྒྲིག་འཛུགས་འདི་ཉིད་མང་གཙོ་ཚད་མཐོར་ཡོང་ཆེད་སོགས་ལོ་རྒྱུས་རང་བཞིན་གྱི་ལོ་ཞིག་ཡིན་སྟབས། ངེད་བུད་མེད་ལྷན་ཚོགས་ངོས་ནས་གལ་གནད་ཆེ་བའི་འཁྲུངས་སྐར་གྱི་ཉིན་མོ་འདིར་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་།   ཐུགས་ཀྱི་བཞེད་དོན་ལྷུན་གྱི་འགྲུབ་པ་དང་།  གཞིས་བྱེས་མྱུར་ཏུ་ལྷན་འཛོམས་ཡོང་བའི་སྨོན་འདུན་གྲངས་མེད་ཞུས།

Apr 18 2013

TWA admin

བོད་ཀྱི་མེད་ལྷན་ཚོགས་སླར་གསོ་བྱས་ནས་ལོ་ ༢༨ འཁོར་བའི་དུས་ དྲན་གྱི་སྲུང་བརྩི་ཞུས་པ།

དེ་རིང་གི་ཉིན་མོ་ནི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞིན་བཞུགས་སྒར་དུ་སླར་གསོ་ཞུས་ཏེ་ལོ་ ངོ་ ༢༨  འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར། ལྷན་ཚོགས་འདི་ཉིད་ཐོག་མར་ཕྱི་ལོ་   ༡༩༥༩   ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་རྒྱལ་ཞེན་ལྷག་བསམ་ལྡན་པའི་བུད་མེད་འགས་འགོ་འཁྲིད་དེ་བུད་མེད་སྟོང་ཕྲག་མང་པོ་རྩེ་ཕོ་བྲང་ཆེན་པོ་པོ་ཏྭ་ལའི་མདུན། འབྲས་བུ་གཡུལ་ཁའི་ཐང་དུ་འཛོམས་ཏེ་རྒྱ་གཞུང་གིས་བོད་ནང་ཁྲིམས་འགལ་ཐོག་བཙན་འཛུལ་བྱས་པར་གདོང་ལེན་ཆེད་བུད་མེད་ཀྱི་སྒྲིག་འཛུགས་འདི་ཉིད་གསར་དུ་བཙུགས་པ་ཞིག་རེད། སྐབས་དེར་བུད་མེད་རྣམས་ནས་དོན་ཚན་ལྔ་བཀོད་དེ་རྒྱ་གཞུང་ལ་སྤྲད་དེ་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཞེས་སྐད་འབོད་ཁྲོམ་བསྐོར་རྒྱ་ཆེར་གནང་སྟེ་ལྷ་སར་ཡོད་པའི་རྒྱ་གར་གཞུང་ཚབ་དང། བལ་པོའི་གཞུང་ཚབ། འབྲུག་པའི་གཞུང་ཚབ། ཁ་ཆེའི་སྐུ་ཚབ་བཅས་ལ་རྒྱབ་སྐྱོར་ཡོང་བའི་སྙན་ཞུ་རེའང་ཕུལ་ནས་བུད་མེད་རྣམས་ཀྱིས་ཞུམ་པ་མེད་པར་གཟི་བརྗིད་ལྡན་པའི་ལས་འགུལ་རིམ་སྤེལ་པར། རྒྱ་གཞུང་གིས་སྐབས་དེའི་འགོ་འཁྲིད་གཙོས། བུད་མེད་མང་པོ་འཛིན་བཟུང་བཙོན་འཇུག་དང་མི་སྤྱོད་ལས་འདས་པའི་མནར་གཅོད། ཐ་ན་དཔའ་མོ་གང་མང་སྲོག་ཁྲིམས་བཅད་ནས་མི་ཡུལ་དང་ཁ་བྲལ་དགོས་བྱུང་ཡོད་ཀྱང་། ཁོང་ཚོའི་ཞིམ་པ་མེད་པའི་སྙིང་སྟོབས་དང་རང་མི་རིགས་དང་རྒྱལ་ཁབ་ལ་ཞེན་པ་དཀར་བའི་ལྷག་བསམ་དེ་ཉིད་མུ་མཐུད་མི་ཡུལ་ཏུ་འཚོ་བཞུགས་ཡོད་པ་ལྟ་བུ།  ཕྱི་ལོ་  ༡༩༨༤   ཕྱི་ཟླ་ ༩ ཚེས ༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞུགས་སྒར་དུ་སླར་གསོ་ཞུས་ཏེ་བཙན་བྱོལ་ནང་ནུས་ཤུགས་ལྡན་པའི་ཚོགས་པ་གལ་ཆེན་ཞིག་ཆགས་ཡོད་ལ་ལྷན་ཚོགས་འདི་བཞིན་ཆོལ་ཁ་དང། ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཤིག་དང། བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་གཅིག་པོ་དེ་ཡང་ཡིན། དེ་ལྟར་རང་ས་རང་ལ་མི་དབང་བའི་ང་ཚོ་ནི་རྒྱལ་ཁབ་མེད་པའི་མི་རིགས་ཤིག་ཡིན་སྟབས་ང་ཚོས་དམིགས་ཡུལ་དང་པོ་ནི་སྐུ་གཤེགས དཔའ་མོ་རྣམས་ཀྱི་དགོས་འདུན་གཅིག་པུ་དེ། བོད་ཀྱི་རྩ་དོན་འགྲུབ་རྒྱུ་གཙོ་བོར་འཛིན་གྱི་ཡོད།          ད་ལྟའི་ཆར་རྒྱལ་སྤྱིའི་གླིང་ཕྲན་བཞི་སྟེ། ཨེ་ཤི་ཡ་དང། ཡོ་རོབ། ཨ་རི། ཨོ་སི་ཌི་ལི་ཡ་བཅས་ཀྱི་ནང་ས་གནས་ཡན་ལག་ཁག་ ༥༦ ཚོགས་མི་གྲངས་འབོར་ ༡༦༠༠༠ ཙམ་ཡོད་པའི་སྒྲིག་འཛུགས་སྲ་བརྟན་ཞིག་ཆགས་ཡོད། དེ་ཡང་གཙོ་བོ།  ལྷན་ཚོགས་འདི་བཞིན་རྨང་གཞི་བཙུགས་མཁན་༡༩༥༩། ༣ །  ༡༢ སྐབས་ཀྱི་བོད་ཀྱི་བུད་མེད་དཔའ་མོ་རྣམས་ཀྱི་རྒྱལ་ཞེན་སྙིང་སྟོབས་ཀྱིས་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་གུས་བདུད་ཞུ་ཡི་ཡོད་ལ། དབུས་དང་ས་རྒྱུན་གོང་མ་རྣམས་ཀྱིས་སྐུ་ལས་སྐྱོན་པ་དང་ཚོགས་མི་རྣམས་ཀྱིས་རམ་འདེགས་ཞུས་པའི་འབྲས་བུ་སྨིན་པ་ཞིག་ལ་ངོས་འཛིན་ཞུས་ཐོག་བཀྲིན་ཡིད་ལ་བཅངས་ནས་མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་ང་ཚོས་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་མདུན་སྤོས་ཀྱིས་ཧུར་ཐག་ཞུ་མུས་སུ་ཡོད།      དེ་ལྟ་ནའང་ད་ལྟའི་དུས་འདིར། བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ལྔ་བཅུ་བརྒལ་བས་བོད་རྒྱལ་ཁབ་དང་མི་རིགས་སྲུང་སྐྱོབ་ཆེད་གཅེས་སྲོག་ཚུད་ཆད་བློས་གཏོང་གིས་སྐུ་གཟུགས་མེ་ཡི་ཀློང་དུ་ཕུལ་བའི་ཡ་ངའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་ཁྲིམས་འགལ་གྱི་སྲིད་བྱུས་ལག་བསྟར་བྱེད་པ་འདི་རྒྱལ་སྤྱིར་ར་སྤྲོད་མཁོ་འདོན་ཡོང་ཐབས་སུ།  ངེད་དབུས་ས་གཉིས་ཀྱིས་བུད་མེད་ལྷན་ཚོགས་ངོས་ནས་ཉིན་འདིར།  རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དཔར་དང་ལོ་རྒྱུས་ལྷན་སྦྱར་གྱི་འོད་སྡེར་བཟོས་ནས་ས་གནས་སོ་སོར་ཆེད་གཏོང་གིས་མི་མང་ལ་སྟོན་རྒྱུ་དང།  དཔའ་བོ་དཔའ་མོ་རྣམས་ཀྱི་འདྲ་དཔར་དང་བདེ་སྡུག་ཞུས་པའི་ཞུ་ཡིག་མཉམ་སྤྱར་གྱི་འགྲེམ་ཡིག་ཚོན་ཁྲ་ཅན་བཟོས་ནས་ས་གནས་སོ་སོའི་རྒྱ་གར་གྱི་གསར་ཤོག་སྣ་མང་ནང་འཇུག་ཐབས་ཀྱིས་རྒྱ་གར་ཡུལ་མི་གཙོས། མི་རིགས་འདྲ་མིན་གྱི་ལག་ཏུ་སོན་ཐབས་བྱེད་ཀྱི་ཡོད།    ཡང་ཉིན་འདིར་དགུང་དྲོའི་ཕྱག་ཚོུད་༥:༣༠ ཐོག་མེག་ལོར་ཉིན་མོའི་སློབ་གྲྭའི་ཚོགས་ཁང་ངེད་ལྷན་ཚོགས་ཀྱི་འབྱུང་འགྱུར་ཐབས་བྱུས་དང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་འཕེལ་སྐོར་ལ་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུ་ཡི་ཡོད། 

Apr 18 2013

TWA admin

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་དྲག་གནོན་གྱིས་སྲིད་ཇུས་དེ་བཅོས་བསྒྱུར་མཚམས་འཇོག་གི་ནན་སྐུལ་བྱས་པ།

སྤྱི་ལོ་༢༠༡༢ཟླ་༡༡ནང་ཁོ་ནར་རང་ལུས་མེར་བསྲེགས་གཏོང་མཁན་༡༠དང་།  ད་ལྟའི་བར་རང་ལུས་གནང་མཁན་༧༢བར་བྱུང་ཟིན་ན། གནས་ཚུལ་འདི་རིགས་མུ་མཐུད་ག་ཚོད་ཅིག་འབྱུང་གི་རེད་དམ། འདི་ནི་ངེད་ལྷན་ཚོགས་གཙོས་བོད་མི་ས་ཡ་དྲུག་གི་དངངས་འཚུབ་བྱེད་ཡུལ་གཅིག་པུ་དེ་གྱུར་ཡོད། ད་བར་ཤེས་རྟོགས་བྱུང་གསལ་ལྟར་ན། སྤྱི་ལོ་༢༠༠༩ནས་ད་བར་བོད་ནང་ནས་རང་ལུས་མེར་བསྲེག་གནང་མཁན་༧༢བྱུང་ཞིང་། དེའི་ཁྲོད་ཀྱི་དགུ་ནི་བུད་མེད་རེད་འདུག འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་མོ་ཕྲུ་གུ་བཞིའི་ཨ་མ་རིན་ཆེན་ལགས་དང་། རང་ལོ་༡༩ ཙམ་ཡིན་པའི་སློབ་འབྲོང་སློབ་མ་ཚེ་རིང་སྐྱིད་རྣམ་གཉིས་ཀྱི་སྔ་རྗེས་སུ་རང་ལུས་མེ་བསྲེགས་བཏང་བས་མཚོན། སྤྱི་ལོ་༢༠༡༡ཟླ་༡༠ཚེས་༡༧ཉིན། རྔ་བ་བདེ་ཆེན་ཆོས་འཁོར་གླིང་གི་རང་༢༠སོན་པའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས། ཆོས་དད་རང་དབང་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་ཚིག་སྐྱོར་ཞོར་རང་ལུས་མེར་མཆོད་ཕུལ་ཡོད་ལ། ཡང་སྤྱི་ཟླ་༡༡ ཚེས་༣ ཉིན་ཁམས་རྟའུ་ནས་ཡིན་པ་རང་ལོ་༣༥ སོན་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ཡིས་ཀྱང་། གཞིས་བྱེས་མཉམ་འཛོམས་དང་༧རྒྱལ་བ་སྐུ་ཚེ་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོག་ཞོར་རང་ལུས་མེར་མཆོད་འཕུལ། དེ་བཞིན་འདི་ལོ་༢༠༡༢ ཟླ་༢ ཚེས༡༡ ཉིན། སླར་ཡང་བདེ་ཆེན་ཆོས་འཁོར་གླིང་ནས་ཡིན་ཞིང་རང་ལོ་༡༨ སོན་པའི་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གཤེགས་ཡོད་ན།   དེའི་ཐད་དབུས་བུད་མེད་ལྷན་ཚོགས་ངོས་ནས་སེམས་ཚབ་དྲག་པོ་ཡོད་པའི་རྣམ་འགྱུར་རྒྱལ་སྤྱིར་གསལ་སྟོན་དང་། ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་རང་ལུས་མེར་བསྲེགས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་བཏང་སྟེ་བོད་ལ་རང་དབང་རང་བཙན་སྦྲོད་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པའི་རེ་འདུན་གང་ཞུས་ཁག་ལ། རྒྱ་ནག་གཞུང་གིས་གསན་འཇོག་དགོས་རྒྱུ་དང་། ངེད་ལྷན་ཚོགས་ནས། བོད་ནང་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འདོད་བློ་མ་ཁེངས་པར་བརྟེན་བོད་མི་རྣམས་ཀྱིས་འདི་ལྟ་བུའི་ལས་འགུལ་སྤེལ་ཏེ། ཞི་བའི་སྒེར་ལངས་བྱེད་དགོས་ཐུག་ཡོད་པ་ཞིག་དང་། རྒྱ་གཞུང་གིས་ལོ་ངོ་ ༦༠ བརྒལ་བར་བོད་ཐོག་དམ་དྲག་བྱས་སྟབས་ཐབས་སྐྱོའི་གནས་ཚུལ་འདི་དག་འཐོན་བཞིན་ཡོད་པ་ཞིག་ལ་ངོས་འཛིན་དང་སྦྲགས། རྒྱ་ནག་གཞུང་གིས་དེ་དག་གི་འགན་འཁྲི་ཡེ་ནས་མ་འཁྱེར་བར་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནད་དོན་རྣམས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་ལུགས་སྐྱོན་འཛུགས་བྱེད་བཞིན་ཡོད་པར་ངེས་ལེན་གཏན་ནས་མེད་ཅེས་ནན་བརྗོད་བྱ་རྒྱུས་མཚོན།   དེ་མཚུངས་སུ་རྒྱ་གཞུང་གིས་འཛམ་གླིང་ཡུལ་གྲུ་ཀུན་གྱི་སྲིད་གཞུང་དང་། དབུ་ཁྲིད་རྣམས་ཀྱིས་སྐྱོན་བརྗོད་དང་རེ་སྐུལ་བྱས་ཚུལ་ལ་བརྩི་མེད་རྡོག་རོལ་བཏང་ཐོག  བོད་ནང་མུ་མཐུད་དྲག་གནོན་ཁོ་ན་བྱེད་པར་བརྟེན། བོད་ནང་ནས་སྔ་ཕྱིས་སུ་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱུང་ཞིང་། ཞི་རྒོལ་གྱི་སྐབས་སོ་སོར་བོད་ལ་རང་དབང་དགོས། གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་ཚིག་གྱེར་བའི་མི་སེར་དཀྱིས་མའི་ཐོག རྒྱ་གཞུང་གིས་དམག་དཔུང་དང་། དྲག་ཆས་ཉེན་རྟོག་པས་དཔེ་གསར་གོ་མཚོན་སྤྱད་ནས་དྲག་གནོན་ཡ་ང་བ་བྱེད་ཀྱིན་པའི་ཁྲོད། གང་བྱུང་མེ་མདའ་རྒྱབ་ནས་བསད་པའི་བོད་མི་མི་ཉུང་བ་ཞིག་བྱུང་ཡོད་ལ། རྒྱ་གཞུང་ལ་མཚོན་ན་ད་དུང་ཐེ་ཚོམ་མེད་པར་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་སྤུན་མཆེད་འཛིན་བཟུང་གི་ཁྲིམས་ཐག་བཅད་པ་གཙོས། ཡུལ་མི་གྲོང་ཚོ་ཚང་མར་ཉེས་ཆད་ཁྱབ་འགེབས་དང་། ཁུངས་མེད་ལུང་མེད་ཀྱི་ཁྲིམས་སྒྲིག་སྣ་ཚོགས་བཟོས་ནས་མི་སེར་ལ་བརྡབས་མནར་གཏོང་བ་སོགས་ལོག་སྤྱོད་དབང་བསྒྱུར་ངོ་གདོང་དམར་རྗེན་དུ་བསྟན་མུས་སུ་ཡོད་ན། འདིར་དབུས་ས་གཉིས་ཀྱིས་བོད་མི་ཚོགས་མི་༡༦༠༠༠ལྷག་གིས་སླར་ཡང་། ད་བར་བོད་ནས་སྔ་ཕྱིར་རང་ལུས་མེར་བསྲེགས་གནང་བ་དང་། ཞི་རྒོལ་རིམ་བྱུང་གི་རྐྱེན་རྩ་དང་འགན་འཁུར་ཚང་མ་རྒྱ་དམར་གཞུང་ལ་ཡོད་པ་ཐ་ཚིག་བསྒྲགས་པ་ཡིན་ལ། བོད་མི་རིགས་ཚད་དེར་བསྐྱལ་བ་དང་། རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་བྱ་ཐབས་སྤེལ་བཞིན་པ་ནི། སོ་སོའི་གནས་བབ་དང་སྡུག་བསྔལ་ཕྱིར་སྟོན་ཐབས་ལ་དེ་ཙམ་ལས་ལམ་གཞན་མེད་པར་ངོས་འཛིན་རྒྱུ་ལས་ལྷག་མེད་ལ། ཡང་གཅིག་བཤད་ན། དེ་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་སྲིད་ཇུས་ཕམ་ཉེས་ཕྱིན་པའི་སྒྲུབ་བྱེད་ཁ་གསལ་བྱུང་བ་ཞིག་ཡིན་སྟབས། མཚམས་འདི་ནས་བཟུང་རྒྱ་ནག་གཞུང་གིས་ཅིས་ཀྱང་བསམ་བློ་བསྐྱར་མ་གཏོང་རྒྱུའི་དུས་ལ་བབ་པ་ཙམ་དུ་མ་ཟད་ཕྱི་དྲགས་ཡོད། དེར་བརྟེན་རྒྱ་དམར་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུའི་མཚོན། བོད་གཞིས་བྱེས་གཉིས་སུ་ཁ་གཏོར་བཏང་བ་དང་། བོད་ནང་ཛ་དྲག་གནས་བབ་ཀྱི་རྐྱེན་པས་རང་གཞན་གཉིས་ཀ་ཉིན་མཚན་འཁྱོལ་དཀའ་བས་གནས་སུ་གྱར་ཡོད་ན། དེ་དག་མཚམས་འཇོག་ཐད་ཅིས་ཀྱང་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་སེལ་ཐབས་ཤིག་འགོ་འཛུགས་དགོས་པར་ང་ཚོས་ནན་སྐུལ་བྱས་པ་ཡིན།

Apr 18 2013

TWA admin

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་བོད་ཀྱི་བུད་མེད་དབུས་ས་གཉིས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས།

རྒྱ་དམར་གཞུང་གི་མི་སེར་སྤེལ་བའི་དབང་བསྒྱུར་འོག བོད་ནང་རིགས་རྒྱུད་རྩ་མེད་རིང་ལུགས་ཀྱི་སྲིད་ཇུས་རབས་དང་རིམ་པར་སྤེལ་བ་དེས། བོད་མི་ཀུན་གྱི་སེམས་ལ་སུབ་ཐུབ་མེད་པའི་རྨ་ཁ་དང་ཞེ་འཁོན་སློང་ཡོད་ལ། ལོ་རྒྱུས་ཀྱི་སྐྱོ་གར་འདི་བཞིན་ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དུས་གཏན་དུ་བརྗེད་མི་སྲིད་ལ། བརྗེད་ཀྱང་མི་རུང་བར་ངོས་འཛིན་དང་སྤྲགས། སྤྱི་ལོ་༢༠༠༩ནས་དེ་རིང་༢༠༡༢ཟླ་༡༢ཚེས་༡༠ཉིན་དབར། བོད་ནང་ནས་ཁྱོན་བསྡོམས་ ༨༦་་་་ ཙམ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེ་ལྟར་གནང་དོན་ནི་ཆབ་སྲིད་ཀྱི་ཆ་ནས་བོད་རྒྱལ་ཁབ་ཀྱི་བདག་དབང་ཤོར་བ་དང་བསྟུན། ད་ཆ་རྒྱ་རིགས་ཆེན་པོས་དབང་བསྒྱུར་འོག་བོད་མི་རིགས་གཙོས། གྲངས་ཉུང་མི་རིགས་རྣམས་སྨྲ་བརྗོད་རང་དབང་དང་། དད་མོས་རང་དབང་། སྐད་ཡིག་རང་དབང་སོགས་མདོར་ན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་ཚད་བཀོག་བཟོས་པར་བརྟེན། བོད་མི་དེ་དག་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱེད་དགོས་བྱུང་བ་ང་ཚོས་འགྲེལ་བརྗོད་མ་དགོས་པར། རང་བསྲེགས་གནང་མཁན་རྣམས་ཀྱི་ཞལ་ཆེམས་ཚུན་ཆད་ནས་ཁ་གསལ་ཁུངས་དག་ཆགས་ཡོད་ཞུ་རྒྱུ་དང་། ཛ་དྲག་གི་གནས་སྟངས་ཚད་འདིར་སླེབས་ཀྱང་། རྒྱ་གཞུང་གིས་ལམ་ནོར་ཟློག་ཤེས་དང་རང་སྐྱོན་ངོེས་ལེན་བྱེད་རྒྱུའི་ཚབ་ཏུ། ད་དུང་གནད་དོན་གྱི་ངོ་བོར་ལོེག་འགྲེལ་དང་ཁག་དཀྲི་བྱེད་ཡུལ་སྣ་ཚོགས་འཚོལ་བཞིན་པར། གཟིར་གནས་དྲང་བ་ལ་དྲང་ཕྱོགས་ཀྱི་ཡིད་སྟོན་ཆ་འཇོག་བྱེད་ས་མེད་པ་གསལ་བོ་ཆགས་ཟིན།  དེ་བས་ན་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཀི་མའོ་གཙོས། ཡོ་རོབ་མཐུན་ཚོགས་དང་། བྱང་ཆིངས་མནའ་འབྲེལ། དེ་བཞིན་རྒྱལ་ཁབ་ཁག་གི་གྲོགས་ཚོགས་བཅས་ལ་བོད་ནང་དོ་ཁུར་དགོས་པའི་རེ་བསྐུལ་དང་ལྷན་དུ། ངེད་བུད་མེད་ལྷན་ཚོགས་ངོས་ནས་བོད་དོན་དཀའ་ངལ་སེལ་ཐབས་ཀྱི་དགོས་འདུན་དོན་ཚན་བཞི་བཏོན་པ་གཤམ་གསལ།  ༡༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་བོད་ནང་མངགས་གཏོགས་བྱ་དགོས།  ༢༽ བོད་ནང་རང་ལུས་མེར་བསྲེགས་གཙོས་པའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱལ་སྤྱིའི་བདག་སྤྲོད་བྱ་དགོས།  ༣༽རྒྱལ་སྤྱིའི་སྤྱི་ལྟ་རྟོག་འོག་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་ཐུབ་གནང་དགོས།  ༤༽བོད་ཐོག་འཛིན་པའི་མི་སེར་སྤེལ་བའི་སྲིད་ཇུས་མཚམས་འཇོག་དང་། རྒྱ་ནག་ཆེན་པོའི་བཙན་རྒྱལ་རིང་ལུགས་ལ་རྒྱལ་སྤྱིའི་ཐོག་རྒོལ་རྡུང་མཐའ་གཅིག་དུ་གཏོང་དགོས།

Older posts «

» Newer posts