ད་ཡོད་དབུས་རྒྱུན་ལས་དང་ལས་བྱེད་སུ་ཡོད་སྐོར།

ཚོགས་ཙོ་བཀྲ་ཤིས་སྒྲོལ་མ། 

བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་ཌ་ལ་ཧོ་སི་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། བོད་གཞུང་ཤེས་རིག་ལྷན་ཁང་གི་སློབ་སྟོན་འོག་སིམ་ལ་སནཌ་པེ་ཊི་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་གྲུབ་པ་ནས་ད་བར་དགེ་རྒན་གྱི་ཕྱག་ལས་གནང་ནས་མི་ལོ་བཅོ་བརྒྱད་ལྷག་འགོར་ཡོད། ཁོང་གིས་དབུས་གཙང་ཆོལ་ཁའི་ཚོགས་པར་ལས་ཞབས་གནང་མུས་ཐོག་བདེ་སྐྱིད་གླིང་ས་གནས་བགྲོ་ཚོགས་ཀྱི་དྲུང་ཆེ་ལས་གཉེར་གནང་བ་མ་ཟད་ས་གནས་དེ་གའི་ས་གནས་བུད་མེད་ཚོགས་པ་གསར་འཛུགས་གནང་མཁན་གྱི་གཙོ་གྲས་ཤིག་དང་། བསྟུད་མར་དབུས་བུད་མེད་ལྷན་ཚོགས་ཀྱི་སྐབས་ལྔ་བའི་དངུལ་གཉེར་དང་སྐབས་དྲུག་པའི་ཚོགས་གཞོན་གྱི་ཕྱག་ལས་གནང་ཡོད་ལ་དེ་མཚུངས་སུ་སྐབས་བཅུ་བར་ཚོགས་གཙོ་རུ་མང་མོས་འོས་ཐོན་བྱུང་ཡོད་པ་བཅས་སོ།

 

ཚོགས་གཞོན་བསམ་གཏན་ཆོས་སྒྲོན།

བསམ་གཏན་ཆོས་སྒྲོན་ལགས་མྷེསོར་ནས་སློབ་གྲྭ་ཆུང་འབྲིང་འགྲིམ་རྗེས། དེ་གའི་གཙུག་ལག་སློབ་གླིང་ནས་ཚོང་དོན་རིག་པའི་རབ་འབྱམས་པ་ཐོན་ཞིང་། སྤྱི་ལོ་༡༩༩༣ལོ་ནས་བཟུངས་སློབ་གཞུང་གི་རྩིས་ཞིབ་ལས་ཁུངས་ནས་ཕྱག་ལས་གནང་ཞོར་རྩིས་པའི་ལས་རོགས་གཅིག་ལྕོག་གནང་ཡོད་ལ། དེ་ནས་རྩིས་པ་གནང་བ་སོགས་ལོ་ངོ་༡༦རིང་གཞུང་ཞབས་ཀྱི་ཕྱག་ལས་གནང་ཐོག

ས་གནས་མཉམ་ལས་ཀྱི་འགན་འཛིན་ལས་རོགས་ནས་འགན་འཛིན་གྱི་ལས་གནས་སུ་འཕར་བ་སོགས་དེར་ལོ་ངོ་༡༢རིང་ཕྱག་ལས་གནང་ཞིང་སྤྱི་ལོ་༡༩༩༠ལོ་ནས་སྤེལ་ལ་གོ་པི་ས་གནས་བུད་མེད་ཚོགས་པའི་ཚོགས་མིར་མཉམ་ཞུགས་དང་དེ་ནས་༢༠༠༣་ནས་༢༠༠༦བར་ཚོགས་པ་དེ་གའི་ཚོགས་གཙོར་འོས་ཐོན་བྱུང་། སྤྱི་ལོ་༢༠༠༨ལོར་ཟླ་དྲུག་པའི་བོད་ནང་གོམ་བགྲོད་ཀྱི་ལས་འགུལ་ཁྲོད་རྩིས་པའི་འགན་འཛིན་གྱི་ལས་ཁུར་ཞུས་གནང་ཡོད།

སྤྱི་ལོ་༢༠༠༩ལོའི་སྐབས་དགུ་བའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་བརྒྱུད་༢༠༠༩ནས་༢༠༡༢བར་ཚོགས་གཞོན་དུ་འོས་འདེམས་བྱུང་ཞིང་། སླར་མུར་ཚོགས་ཆེན་སྐབས་བཅུ་བ་བརྒྱུད་འོས་འདེམས་ཀྱི་༢༠༡༢ནས་༢༠༡༥བར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མུས་སུ་ཡོད་པ་བཅས་སོ། ཁོང་མོར་མཚོན་ན་བོད་དང་བོད་མིའི་འཐབ་རྩོད་ཐད་ལ་ཕྱག་ལས་གནང་བའི་གོ་སྐབས་བྱུང་བ་ལྷག་པའི་བློ་ཡིད་ཚིམ་ཞིང་དགའ་མགུ་བྱ་རིང་བ་ཞིག་མེད་ཅེས་གསུངས།

 

དྲུང་ཆེ་ཉི་མ་ལྷ་མོ།

ཉི་མ་ལྷ་མོ་ལགས་བྷ་ཏི་ཀོལ་སློབ་ཕྲུག་ཁྱིམ་སྡེ་རུ་སློབ་གྲྭར་འགྲིམ་ཞིང་རྡ་སྟེང་བོད་ཁྱིམ་ནས་འཛིན་གྲྭ་བཅུ་གཉིས་སློབ་མཐར་ཕྱིན་རྗེས། ཁོང་མོས་མོན་ལོར་གཙུག་ལག་སློབ་གླིང་ནས་ཁྲིམས་ལུགས་ཀྱི་སློབ་སྦྱོང་གིས་རབ་འབྱམས་ཐོན་ཡོད།དབུས་བུད་མེད་ལྷན་ཚོགས་སུ་ལས་རིམ་འབྲེལ་མཐུད་པའི་ལས་གནས་ཐོག་འཛུལ་ཞུགས་ཀྱིས་ཚུད་པ་བཞིན་ལས་བྱེད་ཀྱི་མིང་ཐོག་ནས་ཟླ་བ་བཞིའི་གནང་ཡུན་ཏུ་ཁོ་མོ་ལས་རིགས་དེ་ཐད་གནང་མཁས་ཤིང་བྱང་ཆ་ཐོན་ཡོད། ཉི་མ་ལགས་ཀྱིས་དེ་མཚུངས་སུ་དབུས་བུད་མེད་ལྷན་ཚོགས་ཀྱི་ལས་གཞི་འགན་ཁུར་སྣེ་འཁྲིད་དང་ནུས་སྟོབས་གོང་སྤེལ་གྱི་ལས་དོན་དེའི་གཙོ་འགན་ཁུར་བ་ཇི་བཞིན། ས་གནས་ཁག་དང་བཙུན་དགོན་གང་སར་ཕོ་མོ་འདྲ་མཉམ་དང་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་སྐོར་ལ་ཟབ་སྦྱོང་སྤེལ་ཐུབ་བྱུང་ཡོད།

སྐབས་བཅུ་བའི་ཚོགས་ཆེན་བརྒྱུད་ཁོང་མོ་དབུས་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་རུ་འོས་ཐོན་བྱུང་བ་བཞིན། ཁོང་མོར་མཚོན་ན། གང་དུ་ཕྱག་ལས་གནང་ཡུལ་མི་གཙོ་བར་དེ་བས་མཐར་ཐུག་གི་དམིགས་པ་དེ་གཙིག་ཆེན་དུ་འཛིན་པ་བཞིན། བོད་མི་སུ་ཡིན་ཡང་མཐར་ཐུག་གི་བབ་ས་ནི་ང་ཚོའི་ཐུན་མོང་གི་དམིགས་པ་དེ་ཡིན་པ་ན།  དབུས་བུད་མེད་ལྷན་ཚོགས་བརྒྱུད་ངས་གང་བྱས་པ་དང་གང་ནུས་པ་ཞབས་ཞུ་དེ་ནི་རང་མི་རང་སར་བྱས་པར་བརྩི་ཡི་ཡོད་ལ་ལྷན་ཚོགས་འདིར་བཅར་བའི་ཉི་མོ་རེ་རེ་རང་ཉིད་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་གོམ་སྟོབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས།

 

ཟུང་དྲུང་ཚེ་རིང་སྒྲོལ་མ། 
ཟུང་དྲུང་ཚེ་རིང་སྒྲོལ་མ་ལགས་ཌལ་ཧོསིའི་སམ་བྷོ་ཊའི་སློབ་གྲྭར་འགྲིམ་ཞིང་། བལ་ཡུལ་བྷོཀར་ས་ཁུལ་གྱི་ལེགས་བཤད་ཚལ་གྱི་གཞི་རིམ་སློབ་གྲྭ་ནས་གྲངས་བྱ་བཅུ་ལྷག་ལ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། ཁོང་ནི་བལ་ཡུལ་བྱམས་པ་གླིང་ས་གནས་བུད་མེད་ཚོགས་པ་གསར་ཏུ་འཛུགས་མཁན་དང་ཚོགས་གཙོ་ཡི་ཕྱག་ལས་གནང་ཡོད། ཁོང་གིས་ས་གནས་གཞོན་ནུ་ཚོགས་པའི་རྒྱུན་ལས་ཀྱི་ལས་ཁུར་ལོ་མང་རིང་ཞུས་ཐོག   བལ་ཡུལ་བྱམས་པ་གླིང་ས་གནས་བུད་མེད་ཚོགས་པ་གསར་ཏུ་འཛུགས་མཁན་དང་ཚོགས་གཙོ་ཡི་ཕྱག་ལས་ཀྱང་གནང་ཡོད།
སྤྱི་ལོ་༢༠༡༠ལོའི་སྐབས་བཅུ་བའི་བུད་མེད་ཚོགས་ཆེན་བརྒྱུད་ཁོང་མོ་དབུས་རྒྱུན་དུ་(༢༠༡༢ནས་༢༠༡༥་)འདེམས་ཐོན་བྱུང་ཞིང་། ད་ལྟའི་ལྷན་ཚོགས་ཀྱི་ཟུང་དྲུང་གི་ལས་ཁུར་ཞུ་མུས་སུ་ཡིན། ཁོང་མོར་མཚོན་ན། ས་གནས་གཞིས་མགོ་གཙོས་ལས་རོགས་སྔ་མ་རྣམས་ཀྱི་རྒྱབ་སྐྱོར་འོག་དབུས་ནས་ཕྱག་ལས་ཀྱི་ཉམས་མྱོང་བསག་པའི་གོ་སྐབས་བྱུང་བའི་དགའ་ཚོར་ཆེན་པོ་ཡོད་པར་གསུངས།

 

ཉམས་ཞིབ་དང་གསར་འགོད་འགན་འཛིན་པད་མ་ཆོས་སྒྲོན།

 བོད་ནང་སློབ་གྲྭ་ཆུང་འབྲིང་འགྲིམ་རྗེས། སྤྱི་ལོ་༡༩༩༨ལོར་རྒྱ་གར་ཏུ་སྐྱབས་བཅོལ་ཏུ་འབྱོར་ནས་སྤིར་སུ་ཇ་སློབ་གླིང་ནས་ལོ་རིམ་དགུ་བ་ནས་ལྦཱ་ཎ་ཆེས་མཐོ་གཙུག་ལག་སློབ་གླིང་དུ་འཚང་རྒྱུག་ལམ་ནས་ཚུད་ཅིང་། དེ་ནས་བསྟན་བཅོས་འཛིན་གྲྭ་སློབ་མཐར་ཕྱིན། སློབ་སྦྱོང་གི་ཞོར་ནས་ལྦཱ་ཎ་ས་གནས་བུད་མེད་ཀྱི་ཚོགས་པའི་ཚོགས་གཙོ་དང་སྐབས་དེར་བཙན་བྱོལ་བུད་མེད་རྩོམ་པ་པོའི་ཆེད་རྩོམ་༼འཚོལ་སྙེག་༽ཅེས་པ་ཞིག་ཀྱང་ཕྱོགས་སྒྲིག་བྱས་ཡོད།

སྤྱི་ལོ་༢༠༡༠་ནས་ཞོར་རྒྱུག་གི་ལམ་ནས་ཨིན་རྡོ་གྷན་རྡི་སློབ་ཆེན་གྱི་ནུབ་ཕྱོགས་རྩོམ་རིག་གི་ཞིབ་འཇིག་སློབ་མའི་སློབ་ཚན་ལེན་བཞིན་པའི་ཐོག  འབྲི་རྩོམ་དང་ཡིག་སྒྱུར་ལས་ཀ་བྱས་ཀར་ཞུགས།

སྤྱི་ལོ་༢༠༡༢ལོའི་སྐབས་བཅུ་བའི་བུད་མེད་ཚོགས་ཆེན་བརྒྱུད་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་སུ་འོས་འདེམས་ཀྱིས་ད་ལྟ་ལྷན་ཚོགས་འདི་གའི་ཉམས་ཞིབ་དང་གསར་འགོད་འབྲེལ་མཐུད་ཀྱི་འགན་འཛིན་གྱི་ལས་ཁུར་ཞུ་མུས་སུ་ཡིན།

ཁོ་མོར་མཚོན་ན། བུད་མེད་ལྷན་ཚོགས་ལ་སྤྱིར་ལྟ་བ་ཞེས་པ་ཞིག་དགོས་གལ་ཆེ་བར་མཐོང་གི་མེད་མོད། དེ་བས་རང་ཉིད་ལྷན་ཚོགས་འདིར་ལས་ཀ་བྱས་པ་ནས་བུད་མེད་ཅིག་གིས་བུད་མེད་ཀྱི་བདེ་སྡུག་གཙོས། བུད་མེད་ཀྱིས་བོད་ཀྱི་འཐབ་རྩོད་འགན་ཁུར་ལེན་རྒྱུར་སྤྲོ་སྣང་ལྡན་པ་ཙམ་ལས། ལྷན་ཚོགས་འདིའི་ད་ལྟའི་ལངས་ཕྱོགས་དང་རང་ཉིད་ཀྱི་ལྟ་བ་གཉིས་འབྲེལ་མེད་དོན་གཞན་ལྟ་བུར་རྩིས་ཀྱི་ཡོད་པ་བཅས་སོ།

 

ལས་འཆར་དོ་དམ་འགན་འཛིན་ཚེ་རིང་དབང་མོ།

སྤྱི་ལོ་༡༩༨༣ལོར་བལ་ཡུལ་སྤོཀར་ནས་འཁྲུངས་ཤིང་སློབ་ཆུང་ས་ཁུལ་དེ་འགྲིམ་མཐར། བལ་ཡུལ་ཀཐུམོཀྲོ་ནས་སློབ་འབྲིང་མཐར་ཕྱིན་ཐོག བལ་ཡུལ་ཊོརཔོབན་གཙུག་ལག་སློབ་གླིང་ནས་སྒྱུ་རྩལ་རིག་པའི་རབ་འབྱམས་པ་ཐོན། རྒྱ་གར་ལྡི་ལི་ནས་གནམ་གྲུ་ཞབས་ཞུ་མའི་ཁྱད་ཆེད་སྦྱོང་། དེ་ནས་ཨ་རིའི་ཁེ་ལས་ཚོགས་པ་ཞིག་ནས་ཆེད་འཛུགས་གནང་བའི་ལྡི་ལི་ནས་ལོ་གཅིག་གི་རིང་ཚོང་དོན་ཞབས་ཞུ་ལས་རིགས་ཀྱི་ཕྱག་ལས་གནང་ནས་དབྱིན་སྐད་ཀྱི་སྦྱོང་བརྡར་ཐོབ་ཡོད།

སྤྱི་ལོ་༢༠༡༢ལོའི་བུད་མེད་ཚོགས་ཆེན་བརྒྱུད་ཁོང་མོ་སྤྱི་ལོ་༢༠༡༢ནས་༢༠༡༥བར་གྱི་རྒྱུན་ལས་སུ་འདེམས་ཐོན་བྱུང་ཞིང་། ཁོང་མོར་མཚོན་ན། བུད་མེད་ལྷན་ཚོགས་ཀྱི་བོད་ཀྱི་འཐབ་རྩོད་དང་སྤྱི་ཚོགས་བདེ་དོན་ལ་སྤྱི་ཡོངས་ནས་འགན་ཁུར་ལེན་ཕྱོགས་དེ་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་དང་། རང་ངོས་ནས་ཞི་དུལ་བག་ཡངས་ངང་གཞན་གྱི་བསམ་ཚུལ་ཉན་ཞིང་དེ་ནས་ལྷན་དུ་རང་གཞན་གཉིས་ཀ་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཆེ་བ་བཅས་སོ།

 

ས་གནས་འབྲེལ་གཏུགས་དང་སྦྱིན་བདག་འགན་འཛིན་བསྟན་འཛིན་བདེ་སྐྱིད།

བསྟན་འཛིན་བདེ་སྐྱིད་ལགས་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འགྲིམ་ཞིང་གྷོཔ་པོར་སློབ་གླིང་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས། རྡེ་ར་དིན་ལས་ཤེས་སློབ་གླིང་ནས་དྲུང་ཆེ་ཡི་སློབ་གཞི་བླང་ནས་སློབ་མཐར་ཕྱིན་ཞིང་། རྡ་སྟེང་བོད་ཁྱིམ་གྱི་ཡིག་ཚང་ནས་དེ་དང་འབྲེལ་བའི་ཟླ་ངོ་དྲུག་ཅན་གྱི་དྲུང་ཆེ་སྦྱོང་བརྡར་གྱི་ལས་ཁུར་གནང་མཐར། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སུ་འཛུལ་ཞིང་ལྷན་ཚོགས་འདི་གའི་སྦྱིན་བདག་དང་འཛིན་སྐྱོང་ལས་རོགས་ཀྱི་ཕྱག་ལས་གནང་།

སྤྱི་ལོ་༢༠༡༢ལོའི་ཟླ་བ་བཞི་བའི་སྐབས་བཅུ་བའི་བུད་མེད་ཚོགས་ཆེན་བརྒྱུད་དབུས་རྒྱུན་དུ་(༢༠༡༢ནས་༢༠༡༥བར་གྱི) འདེམས་ཐོན་བྱུང་ཞིང་། ཁོང་མོར་མཚོན་ན། བུད་མེད་ལྷན་ཚོགས་ནས་ལས་ཀ་ལས་པའི་གོ་སྐབས་བྱུང་བ་ནི་རང་ཉིད་ཀྱི་བསོད་སྐལ་ཞིག་དང་ལྷན་ཚོགས་འདི་ནི་རང་ཉིད་ལ་སྔར་མེད་ཤེས་བྱ་དང་ཉམས་མྱོང་གང་མང་བསགས་སའི་གར་སྟེགས་ལྟ་བུ་ཞིག་དང་། ལྷན་དོན་རང་ཉིད་ཀྱི་བོད་མི་རྣམས་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་གསར་བའི་སྣེ་ཁྲིད་པའི་འགན་ཁུར་ལེན་ཐུབ་མཁན་ཞིག་ཏུ་གྱུར་བའི་ཡིད་ཆེས་གནང་གི་ཡོད།

 

 དངུལ་གཉེར་དང་འཛིན་སྐྱོང་ལས་རོགས་ཨ་ནེ་བསྟན་འཛིན་ཚེ་ལྷ།

ཨ་ནེ་བསྟན་འཛིན་ཚེ་ལྷ་བོད་ནས་འཁྲུངས་ཤིང་རྡ་ས་དགའ་ལྡན་ཆོས་གླིང་གི་བཙུན་མ་ཡིན་ཞིང་བཙུན་དགོན་དེ་ནས་ལོ་ངོ་བདུན་རིང་དྲུང་ཆེ་ཡི་ཕྱག་ལས་གནང་ཐོག སྤྱི་ལོ་༡༩༩༧ལོའི་བོད་ཀྱི་བུད་མེད་ཚོགས་ཆེན་སྐབས་ལྔ་བ་བརྒྱུད་དབུས་རྒྱུན་དུ་འདེམས་ཐོན་བྱུང་ཞིང་ཟུང་དྲུང་གི་ལས་ཁུར་གནང་ཞོར་འཚེམ་ཁང་སྡེ་ཚན་ལ་ལྟ་རྟོག་གནང་། ཡང་སྐབས་དྲུག་པའི་ཚོགས་ཆེན་བརྒྱུད་སླར་ཡང་དྲུང་འཕར་དུ་འདེམས་ཐོན་བྱུང་ཞིང་། དེ་བཞིན་བོད་གཞུང་བདེ་འགོད་ལྷན་ཁང་ནས་ལས་ཁུར་གྱི་ཉམས་མྱོང་ཡང་བསགས་ཡོད།

སྤྱི་ལོ་༢༠༡༢ལོའི་ཟླ་བཞི་བའི་སྐབས་བཅུ་བའི་ཚོགས་ཆེན་བརྒྱུད་(༢༠༡༢་ནས་༢༠༡༥བར་གྱི་)དབུས་རྒྱུན་དུ་འདེམས་ཐོན་བྱུང་ཞིང་ད་ལྟ་དངུལ་གཉེར་གྱི་ལས་ཁུར་ཞུ་མུས་སུ་ཡོད།

ཨ་ནེ་ཡིས་བུད་མེད་ཚོགས་མི་ཡོངས་ལ་ཁོ་མོར་སླར་ཡང་བུད་མེད་ལྷན་ཚོགས་སུ་ཞབས་ཞུ་སྒྲུབ་པའི་གོ་སྐབས་སྤྲད་པར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུས་ཞེས་གསུངས།

ད་ལྟའི་ལས་བྱེད། 

 

ཁོར་ཡུག་ལས་བྱེད་བསྟན་འཛིན་ཆོས་སྒྲོན།

བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་སྤྱི་ལོ་༢༠༠༤ལོར་གྷོལ་པ་པོར་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་རྗེས། བྷོང་ལོར་ཨ་ཝ་མཐོ་སློབ་ནས་སྨན་ཞབས་ཀྱི་སློབ་སྦྱོང་གིས་མཐར་ཕྱིན་ལག་ཁྱེར་བླངས་ཡོད། ཁོང་གིས་ལྡི་ལི་སི་ཌི་སྨན་ཁང་ནས་སྨན་ཞབས་ཀྱིས་ཕྱག་ལས་གནང་ཞིང་། དེ་རྗེས་རང་རིས་བཙན་བྱོལ་སྤྱི་ཚོགས་སུ་ཞབས་ཞུ་སྒྲུབ་འདོད་ཀྱི་ཚོར་ཤུགས་འོག་རྡ་སར་ཡོང་དགོས་འཁེལཞིང་། རྡ་ས་ནས་རེ་བ་ཚོགས་པར་ཞུགས་ནས་བོད་ནང་གསར་ཏུ་འབྱོར་མཁན་ཚོར་དབྱིན་ཡིག་གི་རྨང་གཞིའི་སློབ་དགེ་གནང་། ཡང་རྡ་ས་བདེ་དོན་ལས་ཁུངས་ཀྱི་ལས་འཆར་རྡ་ས་གཙང་བཟོའི་ལས་རིམ་གྱི་འགན་འཛིན་ལས་རོགས་གནང་ནས་ལོ་གསུམ་དང་ཕྱེད་ཀ་ལྷག་ཕྱིན་ཞིང་། སྤྱི་ལོ་༢༠༡༢ལོའི་ཟླ་༧ནས་དབུས་བོད་ཀྱི་བུད་མེད་ཀྱི་ཁོར་ཡུག་ལས་བྱེད་ཀྱི་ས་མིག་ཐོག་ལས་ཁུར་ཞུ་མུས་སུ་ཡིན།

 

ཉམས་ཞིབ་དང་གསར་འགོད་ལས་རོགས་བསྟན་འཛིན་བདེ་སྐྱིད།

བསྟན་འཛིན་བདེ་སྐྱིད་ལགས་བོད་ནས་འཁྲུངས་ཤིང་སྤྱི་ལོ་༡༩༩༤ལོར་རྒྱ་གར་ཏུ་བཙན་བྱོལ་ལ་འབྱོར་ནས་སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་ཞུགས་གནང་ཞིང་། གྷོལ་པ་པོར་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་རྗེས། ཅིཧ་ནེ་ཨིདར་ཇེ་བུ་མོའི་མཐོ་སློབ་ནས་དབྱིན་ཡིག་གི་རྩོམ་རིག་རབ་འབྱམས་དང་། ལོཡལ་མཐོ་སློབ་ནས་ཞིབ་འཇུག་སློབ་མའི་ཕྱག་འཁྱེར་བཞེས་ཡོད།

སློབ་མཐར་ཕྱིན་རྗེས་རྡ་ས་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་། དེ་ནས་ནང་བསྟན་སྲི་ཞུ་ཁང་སོགས། སྔ་ཕྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྐད་ཡིག་སློབ་ཁྲིད་དང་ཁྲིད་སྟོན་པ་དང་བླངས་ཀྱིས་ཕྱག་ལས་གནང་།  སྤྱི་ལོ་༢༠༡༢ཟླ་༩་ནས་དབུས་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་ཚན་པར་འཛུལ་ཞུགས་ཀྱིས་ཉམས་ཞིབ་དང་པར་སྐྲུན་ལས་རིགས་སོགས་རང་ཉིད་ཀྱིས་ཆེད་སྦྱོང་གནང་བའི་སློབ་སྦྱོང་གི་སྒང་ནས་བོད་ཕྱི་ནང་གི་དོན་འཐབ་རྩོད་གཙོས་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་གོ་སྐབས་བྱུང་བའི་དགའ་ཚོར་སྒོམ་ཡོད་པ་བཅས་སོ།