༸ རྒྱལ་བའི་བཀའ་དྲན་རྗེས་དྲན་གྱི་མཚོན་དོན་དུ་༼སང་ལོ་ལྷ་ས་ནས་མཇལ་ཡོང་༽ཞེས་པའི་བསྒྲགས་གཏམ།།

6སང་ལོ་ལྷ་ས་ནས་མཇལ་ཡོང་།

དེ་རིང་གི་ཉིན་མོ་འདི་ནི། འཛམ་གླིང་ཞི་བདེ་དེད་དཔོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ནས། ནོ་ལྦེལ་ཞི་བདེ་གཟེགས་རྟགས་བཞེས་ནས་མི་ལོ་ཧྲིལ་བོ་༢༥ འཁོར་བའི་དུས་ཚིགས་ཁྱད་ཅན་ཡིན་ཁར། རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་འདས་པའི་ལོ་འཁོར་མོ་འདི་བཞིན། མགོན་པོ་གང་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གནང་ཡོད་སྟབས།

2འདི་ག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། ས་གནས་ཡན་ལག་ཁག་གིས་ཀྱང་རྣམ་དཀར་དགེ་བའི་དོན་བཟང་འདིར་གཞོགས་འདེགས་རྒྱབ་སྐྱོར་མཚོན་ཆེད། ལོ་འདིར་ལས་འགུལ་སྣ་ཚོགས་སྤེལ་ཡོད་ན། དེས་ཀྱང་རྒྱལ་བ་འགྱེས་པའི་མཆོད་སྤྲིན་གྱི་ཆ་ཤས་ཙམ་འབྱུང་པར་སྨོན་པས་ལྟས་ཡོད།  ཡིན་ནའང་། གཞུང་མང་གཉིས་ཀྱིས་བཀའ་དྲིན་བསམ་ཤེས་ཀྱི་ཆེད་དུ། ཅི་གསུངས་བཀའ་སྒྲུབ་གནང་གི་ཡིན་ཟེར་ནས་འབོད་ཚིག་བསྒྲགས་རྒྱུ་ཙམ་མ་ཡིན་པར། ཁོང་གི་དྲིན་ལན་འཇལ་ཐབས་ཉག་གཅིག་ནི་མགོན་པོ་གང་གི་རིང་ནས་སྙིང་ལ་བརྣག་པའི་འདོད་དོན་དང་། གཞིས་ལུས་དད་ལྡན་མང་ཚོགས་ཀྱིས་མིག་འཐའ་མཆི་མ་ཁེངས་ནས་རེ་སྒུག་གནང་བཞིན་པ་ནི་ལྷ་ལྡན་ཉི་མའི་གྲོང་ནས་གཞིས་བྱེས་གཉིས་ལྷན་འཛོམས་གནང་རྒྱུ་འདི་རང་ཡིན་སྟབས། ངེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ངོས་ནས་ཀྱང་གོ་སྐབས་འདི་བརྒྱུད་<<སང་ལོ་ལྷ་ས་ནས་མཇལ་ཡོང་>> ཞེས་པའི་འགོ་བརྗོད་འོག་དུས་དྲན་སྲུང་བརྩི་བྱས་པ་དང་ཆབས་ཅིག

༡༽ <<སང་ལོ་ལྷ་ས་ནས་མཇལ་ཡོང་>> ཞེས་པའི་_  ཁ་པར་གྱི་དབྱངས་བརྡའི་མཉེན་ཆས་བཟོས་ཡོད།

༢༽<<སང་ལོ་ལྷ་ས་ནས་མཇལ་>>ཞེས་པའི–བྲང་འདོགས་དཔུང་རྟགས་སྣ་ཚོགས་བཟོས་ཡོད།

༣༽ <<སང་ལོ་ལྷ་ས་ནས་མཇལ་ཡོང་> ཞེས་པའི་  _སྟབས་བདེ་རྒྱབ་ཁུག་བཟོས་ཡོད།

ལས་ཚོད་ལ་གོང་གསལ་བྱེད་སྒོ་འདི་དག་ལས་ཀ་ཆུང་ཆུང་ཞིག་ཡིན་མོད། ནང་དོན་གྱི་ཆ་ནས་བཤད་ན། ཤི་བོས་ཁ་ཆེམས་དང་།  གསོན་པོའི་རེ་བ་དཀྱིལ་གཅིག་ལ་བཞག་པའི་མཚོན་དོན་ཡིན་ཙང་།  ངེད་ལྷན་ཚོགས་ངོས་ནས་ཁ་པར་གྱི་དབྱངས་བརྡ་དང་། དཔུང་རྟགས། རྒྱབ་ཁུག་སོགས་འཛམ་གླིང་གར་སར་གནས་པའི་བོད་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཚེགས་མེད་ངང་བཀྲམས་གཏན་འཁེལ་བ་ཡོད་ན། དེས་ཀྱང་རྒྱལ་བ་གྱེས་པའི་མཆོད་སྤྲིན་གྱི་ཆ་ཤས་ཙམ་འབྱུང་བར་སྨོན་པས་གཏོས་པ་དང་ཆིབས་ཅིག ངེད་ལྷན་ཚོགས་ངོས་ནས་བོད་མི་རྒན་གཞོན་ཚང་མས་དུས་རྒྱུན་ཡིད་ལ་དོ་བདག་རང་ཉིད་བོད་དུ་ལོག་ཕེབས་མཁན་ཡིན་པའི་དྲན་ཤེས་དགོས་རྒྱུ་མ་ཟད་དང་། འཛོམས་བྲལ་ནམ་དུས་དང་ལྷག་པར་པེ་པེ་ཞེས་པའི་ཚབ་ཏུ་༼སང་ལོ་ལྷ་ས་ནས་མཇལ་ཡོང་༽ཞེས་པའི་ཁ་གཡང་འབོད་རེར་གནང་རྒྱུའི་འབོད་བསྐུལ་སྙིང་ནས་ཞུ་ཡི་ལགས་ན་ཅིས་ཀྱང་དགོངས་པ་ཆེ་བཞེས་གནང་རྒྱུ་མཁྱེན།

4

མཐའ་དོན། བོད་རྒྱལ་ཁབ་དང་མི་རིགས་འདི་བཞིན་ཤི་གསོན་གྱི་གནས་སྟངས་འོག་ལྷག་པའི་དུས་ངན་འདིར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མི་རིགས་འདིའི་འཚོ་གནས་དང་རྒྱལ་བསྟན་སླར་གསོས་ཆེད་དུ་སྐུ་ངལ་ལྷུར་ལེན་བྱས་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་སོང་། ང་ཚོ་སྤྱི་འབངས་ཡོངས་ཀྱིས་དྲིན་དུ་ཚོར་དགོས་པ་ནི་བཤད་མ་དགོས་ཁར། སྐྱེ་ཆེན་དམ་པ་ཁོང་ལྟ་བུ་ཞིག་གི་དྲིན་ལན་འཇལ་བ་ལའང་། དུས་དྲན་སྲུང་བརྩི་སོགས་ཕྱི་ཚུལ་གྱི་བྱེད་སྒོ་རྣམ་བཞག་ཁག་གལ་ཆེན་པོ་ཡིན་མོད། གོ་སྐབས་འདི་བརྒྱུད་དོ་བདག་སོ་སོས་དྲིན་ལ་དྲིན་ལན་འཇལ་བའི་བཟང་སྤྱོད་རྒྱུད་ལ་འཇགས་ཐབས་གནང་རྒྱུ་དང་། མི་སྒེར་སོ་སོ་སྤྱོད་ཡོན་གཉིས་ལྡན་གྱི་ཡུལ་མི་ཚུལ་ལྡན་ཞིག་སྐྲུན་ཐབས་གནང་རྒྱུ་ནི། སྤྱིར་ན་མི་སྡེ་སྤྱི་ཚོགས་ཀྱི་ཐུན་མོངས་ལ་འཁྲི་བས་འོས་འགན་དང་། ནང་དགོས་རྒྱ་བ་གྱེས་པའི་མཆོད་སྤྲིན་ཡང་འདི་རང་ལགས་ན། ངེད་ལྷན་ཚོགས་ངོས་ནས་དེ་དོན་དགེ་བསྐུལ་ལེགས་གསོལ་གནང་རྒྱུ་བཅས།།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་ནས།

 

ཕྱི་ལོ ༡༠༡༤ ཟླ ༡༢ ཚེས་ ༡༠ ཉིན།  རྡ་རམ་ས་ལ་ནས།

Related Posts