Key activities, Other news, Other TWA news, Political prisoners

༄༅།། བོད་རྒྱལ་ལོ་༢༡༤༤ རབ་གནས་མེ་བྱ་ཕྱི་ལོ་༢༠༡༧ཟླ་༤ ཚེས་༢༥ ཉིན་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་ལོ་ཉི་ཤུ་རྩ་བརྒྱད་ཧྲིལ་པོ་བཞེས་པའི་སྐུའི་འཁྲུངས་སྐར

༄༅།། བོད་རྒྱལ་ལོ་༢༡༤༤ རབ་གནས་མེ་བྱ་ཕྱི་ལོ་༢༠༡༧ཟླ་༤ ཚེས་༢༥ ཉིན་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་ལོ་ཉི་ཤུ་རྩ་བརྒྱད་ཧྲིལ་པོ་བཞེས་པའི་སྐུའི་འཁྲུངས་སྐར་དང་། ༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་ལོ་ངོ་ཉི་ཤུ་རྩ་བརྒྱད་འཁོར་བའི་དུས་ཚིགས་དང་བསྟུན་༼༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་བཀྲིན་དང་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ད་བར་རྒྱ་དམར་གྱིས་འཛིན་བཟུང་བཀག་ཉར་༽ ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བགྲོ་གླེང་གོ་སྒྲིག་ཞུས། མཛད་སྒོའི་ཐོག་མ་དབུས་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་མཆོག་ནས་ད་རིང་གི་༧སྐུའི་འཁྲུངས་སྐར་གལ་ཆེ་དང་འབྲེལ་བའི་གསུངས་བཤད་གནང་ཡོད། དེ་རྗེས་བགྲོ་གླེང་གཙོ་སྐྱོང་བ་དབུས་སྤྱི་ཁྱབ་ཚོགས་གཞོན་ཚེ་རིང་སྒྲོལ་མ་ནས་ལས་རིམ་འགོ་འཛུགས་ཞུས། བགྲོ་གླེང་པ། ༡༽ ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་་། བོད་དོན་ལས་འགུལ་པ་ནས །༧པན་ཆེན་སྐུ་ཕྲེང་༡༠ པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱན་མཚན་དཔལ་བཟང་པོ་མཆོག་ནི་ཕྱི་༡༩༨༩ ལོའི་ཕྱི་ཟླ་༡ པོའི་ཕྱི་ཚེས་༢༨ ཉིན་ཏེ་དགུང་གྲངས་༥༡ ཐོག་བོད་ལྗོངས་གཞིས་ཀ་རྩེ་གཙང་བཀྲ་་ཤིས་ལྷུན་པོ་དགོན་པར་ལྐོག་གྱུར་གྱི་གནས་སྟངས་ཤིག་གི་འོག་ནས་སྐུ་མྱ་ངན་ལས་འདས་པ་རེད། ༧པན་ཆེན་སྐུ་ཕྲེང་༡༠ པ་རིན་པོ་ཆེ་མཆོག་གི་བོད་ནང་མཛད་པ་འཕྲིན་ལས་རྒྱ་ཆེན་གནང་ཡོད་རེད། ཕྱི་ལོ་༡༩༦༢ ལོར་ཡིག་འབྲུ་ཁྲི་བདུན་དུ་བསྡོམས་པའི་སྙན་ཐོ་དེ་རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེ་ལེན་མཆོག་ལ་ཕུལ། ཁོང་བརྒྱུད་དེ་མའོ་ཀྲུའུ་ཞི་ལ་འབུལ་གནང་ཞུ་དོན་ལ་དཔྱད་ཞིབ་གྱིས་གནས་སྟངས་བཟང་ཕྱོགས་སུ་ཡོང་རེ་ལ་ངོ་རྒོལ་དང་། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཞྭ་མོ་གཡོགས་ཏེ་གོ་གནས་ནས་ཕབ་པ་མ་ཟད། ༡༩༦༦ ལོར་གློ་བུར་དུ་དམར་སྲུང་དམག་མི་འགས་གཟིམ་ཁང་ནས་བསྡམས་བཀྱིགས་བྱས་ཏེ་བཙན་འཁྲིད་ཀྱིས་པེ་ཅིང་མི་རིགས་སློབ་གྲྭར་མི་སྟོང་ཕྲག་འདུས་པའི་ཚོགས་འདུའི་སར་རིན་པོ་ཆེ་ལ་སྐྱོན་བརྗོད་སྣ་ཚོགས་འོག་འཐབ་རྩོད་དྲག་པོ་བཏང་མཐར་༡༩༦༨ ལོར་ལོ་༡༠ ལ་ཉེ་བ་བཙོན་འཇུག་ཉེས་ཆད་བཏང་བ་རེད། ༧པཎ་ཆེན་རིན་པོ་ཆེ་མཆོག་ནས་བོད་མི་རིགས་ཀྱི་སླད་སྐུ་ངལ་དུ་མར་གདོང་ལེན་དཀའ་སྤྱད་གནང་ཡོད། ང་རང་ཚོ་ལུང་པ་བྲལ་ཏེ་ལོ་མང་བཙན་བྱོལ་ནང་གནས་ཡོད་སྟབས་ངོམས་སུ་ཆོག་པའི་སངས་རྒྱས་ཀྱི་ཆོས་དང་རིག་གཞུང་། བོད་ཡིག་བོད་སྐད་གཙང་མ་བདག་ཉར་གནང་རྒྱུ་དེ་༧་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བྱུང་བ་དེ་་གལ་ཆེན་པོ་གནང་དགོས་སྐོར་གསུངས་ཡོད།
བགྲོ་གླེང་པ། ༢༽ ཚེ་རིང་མཚོ་མོ་ལགས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བལྟི་གནས་ཁང་གི་འགན་འཛིན་ནས། ༄༅། བོད་ནང་བོད་མི་རིགས་ཀྱི་ཆེད་དུ་ཆོས་དང་རིག་གཞུང་། བོད་ཡིག་དང་བོད་སྐད་ལ་སོགས་པ་སྲུང་སྐྱོབ་ཐོག་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་མཆོག་གི་མཛད་རྗེས་ཧ་ལས་པ་བཀྲིན་བསྐྱངས་ཡོད། ༧པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཡུམ་བདེ་ཆེན་ཆོས་སྒྲོན་དང་ཡབ་དཀོན་མཆོག་ཕུན་ཚོགས་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༤ ཕྱི་ཚེས་༢༥ ཉིན་བོད་རང་སྐྱོང་ལྗོངས། ནག་ཆུ་ཁུལ། ལྷ་རི་རྫོང་དུ་སྐུ་བལྟམས། ཕྱི་ལོ་༡༩༩༥ལོའི་ཕྱི་ཟླ་ལྔ་པའི་ཕྱི་ཚེས་༡༤ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་པན་ཆེན་སྐུ་ཕྲེང་༡༡ པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་སྤྲུལ་སྐུ་ངོ་མ་༧པན་ཆེན་སྐུ་ཕྲེང་༡༠ པ་མཆོག་གི་ཡང་སྤྲུལ་དུ་ངོས་འཛིན་གནང་བ་ཞིག་ཡིན། ཉིན་གསུམ་རྗེས་ཕྱི་ལོ་༡༩༩༥ཕྱི་ཟླ་ལྔ་པའི་ཕྱི་ཚེས་༡༧ ཉིན་རྒྱ་གཞུང་གིས་པན་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་ནང་མི་དང་བཅས་པ་བཙན་ཁྲིད་བྱས་པའི་སྐབས་སུ་ཁོང་དགུང་གྲངས་དྲུག་ལས་སོན་མེད། གཞི་རྩའི་ཆ་ནས་རྒྱ་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བྱིས་པ་ཕལ་པ་ཞིག་རེད་ཅེས་བཤད་ཀྱིན་བཤད་ཀྱིན་ཁོང་ལ་བཀག་སྡོམ་ཤུགས་ཆེན་པོ་འདི་འདྲ་བྱེད་དོན་ནི་སེམས་སུ་ཤོང་དཀའ་བ་ཞིག་གྱུར་ཡོད། འགྲོ་བ་མིའི་ཐོབ་ཐང་ཆ་ནས་ཞུས་ན་རྒྱ་དམར་གྱི་ཆབ་སྲིད་ངོ་བོ་འགྱུར་བ་བཏང་ནས་སྤྲུལ་སྐུ་ངོ་འཛིན། ཁྲིམས་མེད་ཀྱི་བྱ་སྤྱོད་ཀྱི་བྱི་པ་ལོ་དྲུག་ལ་སོན་པའི་མཉམ་དུ་ནང་མི་རྣམས་དང་༧བྱ་བྲལ་རིན་པོ་ཆེ་ལ་སོགས་པའི་བཙན་ཁྲིད་དང་གར་སོང་ཆ་མེད་ཀྱི་གནས་སྟངས་ལ་སོགས་པ།ཕྱི་རྒྱལ་ཡུལ་འཁོར་སྤྲོ་འཆམ་ཕེབས་མི་ལ་རྫུན་གཏམ་བཤོད་རྒྱུ་ལ་སོགས་པ་སྣ་ཚོགས་བྱུང་ཡོད་ཡིན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་རེ་ངོ་རེའི་ཚང་མའི་ལས་འགུལ་ཆེ་ཆུང་ལ་གང་འདྲ་ཡིན་རུང་སྤེལ་རྒྱུའི་དུས་ལ་བབས་འདུག་བཅས་གསུངས་ཡོད།
ད་རིང་གི་བགྲོ་གླེང་སྙིང་བསྡུས་ཞུས་པ་ལགས་སོ།