Uncategorized

དུས་དབང་ཐེངས་ ༣༣ པར་སྤྱི་ཚོགས་ཞབས་ཞུ།

ཕྱི་ ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ནས་ ༡༤ བར་ལ་དྭགས་ཞི་བའི་ཚལ་དུ་༧གོང་ས་༧སྐྱབས་ཆེན་པོ་མཆོག་གི་ཞལ་སྔ་ནས་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་བཀྲིན་སྩོལ་བའི་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ཀྱིས་གོ་སྒྲིག་འོག་ས་གནས་ཁག་ཉི་ཤུ་རྩ་བདུན་ནས་ཕེབས་པའི་ས་རྒྱུན་ ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་ལ་དྭགས་ས་གནས་ཚོགས་གཙོ་རྒྱུན་ལས་རུ་དཔོན་བཅས་ཁྱོན་བསྡོམས་བུད་མེད་བརྒྱ་དང་དྲུག་ཅུ་ཙམ་གྱིས་སྤྱི་ཚོགས་ཞབས་ཞུའི་ནང་ལྷག་བསམ་རྣམ་དག་གིས་ཆ་ཤས་བླངས་ཡོད།

ཐོག་མར་དབུས་ནས་ཇོ་ནང་དང་ཀོང་པོ་གཞིས་བྱེས་མི་མང་དུས་འཁོར་དབང་ཆེན་སྦྱིན་ བདག་བརྒྱུད་དུས་དབང་བསྩལ་བའི་སྐབས་བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་སྐབས་དེར་སྤྱི་ཚོགས་ཞུ་གནང་འདོད་ཡོད་པ་སྦྱིན་བདག་གཙོ་གྲས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་སུ་ཞུས།  གཞི་དེའི་ཐོག་ལ་དྭགས་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱུན་ལས་དང་ས་གནས་གཞོན་ནུའི་ཚོགས་གཙོ་རྒྱུན་ལས་ཐུན་མོང་ནས་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གཙོ་གྲས་གཉིས་ལ་སྙན་བསྒྲོན་ཞུས་མཐར་བུད་མེད་ལྷན་ཚོགས་ཀྱིས་ལས་འགན་ཁག་བརྒྱད་ཀྱི་འགན་འཁུར་ཞུ་ཡི་ཡོད། སྐུའི་ཉེན་སྲུང་དང་འབྲེལ་བའི་ལུས་བཤེར་དང་། གསལ་བསྒྲགས། བུད་མེད་དཀའ་ངལ་འཕྲད་པར་རོགས་སྐྱོར། འཕྲོད་བསྟེན། ཆོས་རྭའི་ནང་སྒྲིག་ཁྲིམས་ལྟ་རྟོག། ཆོས་ཞུ་བའི་དེབ་སྐྱེལ། ཆོས་རྭའི་ནང་གཙང་བཟོ། སྣེ་ལེན་བཅས་ཀྱི་ཐོག་འཁུར་ལེན་ལས་འགན་ཚགས་ཚུད་ཞུ་བཞིན་ཡོད།

ལ་དྭགས་སྤྱི་ས་གནས་འགོ་འཛིན་མཆོག་ནས་མཐུན་འགྱུར་རོགས་རམ་དང་། ལེགས་འཕེལ་ཉེས་འགོག་གི་ལམ་སྟོན་བཀའ་གནང་ཡོད་པ་དང་། ས་གནས་འགོ་འཛིན་དབུ་ཞུགས་ཐོག་ལ་བྱང་གཉིས་ཀྱི་མི་མང་གི་སྐུ་ཚབ་ས་གནས་འགོ་བ་དང་བརྒྱ་དཔོན་བཅས་ཀྱིས་སྤྱི་ཚོགས་ཞབས་ཞུ་བ་ཡོངས་ལ་ཆེ་མཐོང་གི་གསོལ་ཇ་བཞེས་ཏོག་གསོལ་རས་གནང་ཐོག  ཐེངས་འདིའི་དུས་དབང་སྐབས་ས་གནས་སྣ་མང་ནས་ཕེབས་པའི་འདུ་འཛོམས་ཆེ་བའི་གོ་སྐབས་དང་བསྟུན། བུད་མེད་ལྷན་ཚོགས་ཀྱིས་ཁོར་ཡུག་དང་། འཕྲོད་བསྟེན། བུད་མེད་ཀྱི་མང་གཙོའི་ནང་འགན་འཁུར་སྣེ་འཁྲིད་གལ་གནད་ཡིན་སྐོར་སོགས་ཀྱི་ཐོག་མི་མང་ལ་གོ་རྟོགས་སྤེལ་བའི་ལས་འགུལ་གོ་སྒྲིག་ཞུ་ཡི་ཡོད།

ཐེངས་འདིའི་སྤྱི་ཚོགས་ཞབས་ཞུའི་འགྲོ་གྲོན་ཆེད་མི་མང་ལ་བོད་གཞུང་ཟློས་གར་འཁྲབ་སྟོན་གྱི་གཟིགས་འབུལ་གོ་སྒྲིག་ཀྱང་ཞུས་ཡོད།

བུད་མེད་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུ་བ་ཡོངས་ཀྱིས་སོ་སོའི་ལས་འགན་རྣམས་ལྷག་ བསམ་རྣམ་དག་སྒོ་ནས་ཞུ་ཡི་ཡོད་ལ་དེ་ནི་སྒེར་དང་སྤྱི་པའི་བསོད་ནམས་གསོག་པའི་གོ་སྐབས་རླབས་ཆེན་ཞིག་ཏུ་ངོས་འཛིན་དང་། དེ་ལྟར་ཞུ་རྒྱུ་ང་ཚོའི་འགན་ཞིག་ལའང་ངོས་འཛིན་ཞུ་ཡི་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ཕྱི་ལོ་ ༢༠༡༤།ཟླ་༧ ཚེས་ ༦ ལ།

10410669_816774451667904_5654345350857672232_n mmexport1403582773231 mmexport1403582781932