Uncategorized

དུས་བཅད་༼༢༠༡༤།༤།༢༥་ནས་༢༠༡༥།༤།༢༥༽བར་གསལ་སྟོན་དགོས་པའི་བསྒྲགས་གཏམ།

Panchen-R---bannerདེ་རིང་ནི་༢༠༡༤།༤།༢༥རེད། གནམ་ལ་ཉི་ཟླ་ཆ་གཅིག། ས་ལ་༧རྒྱལ་བ་པཎ་ཆེན་ཞེས་པའི་ཡ་གྱལ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ལ་བོད་མི་རྩམ་གཟན་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོ་ངང་སྤྲོ་སྐྱིད་གཏོང་འོས་པའི་དུས་ཆེན་ཞིག་ཅི་ལ་མིན། འོན་ཀྱང་། ༧ཁོང་འཁྲུངས་ནས་ཅུང་མ་འགོར་བར་རྒྱ་ནག་གཞུང་གིས་(༡༩༩༥།༥།༡༧)བཙན་ཁྲིད་བྱས་ཤིང་། བཙན་ཁྲིད་རྗེས་ནས་ད་བར་༧ཁོང་དང་འབྲེལ་བའི་ཡག་སྡུག་གི་གནས་ཚུལ་ཅི་ཡང་མ་གོ་མ་ཐོས་པར་མི་ལོ་༢༥སོང་བའི་དུས་ཚོད་ནི་ཐུང་ཐུང་ཞིག་མིན་ལ། ༧ཁོང་ལ་མཇལ་སྐལ་མ་ལྡན་པར་ལྷག་པའི་བོད་མིའི་སེམས་ཀྱི་དྲན་གདུང་དང་མནར་སྡུག་ཀྱང་མུ་མཐུད་ཐེག་ཐུབ་པ་ཞིག་ག་ལ་ཡིན།

 

དེ་ལྟར་དེ་རིང་ནི་དགུང་ལོ་དྲུག་ཅན་གྱི་བྱིས་པ་སེམས་མེད་ཅིག་འཛམ་གླེང་གི་ལོ་རྒྱུས་ཁྲོད་ཉེས་མེད་བཙོན་པ་ཆུང་ཤོས་ཆགས་པའི་༧ཀུན་གཟིགས་དགེ་འདུན་ཉི་མ་མཆོག་གི་འཁྲུངས་སྐར་འཁེལ་ཡོད་ལ། ༧ཁོང་བོར་བརླག་དང་བཙན་ཁྲིད་བྱས་མི་མི་ལོ་ཉེར་དགུ་ཧྲིལ་བོར་འཁོར་བའི་ལོ་ཞིག་ཀྱང་ཡིན་ན། ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་ཚོགས་མི་༡༧༠༠༠པས། རྒྱ་ནག་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་པད་མ་འཕྲིན་ལས་འབོད་པར་སླར་ཡང་ནན་ཞུ་གནང་རྒྱུ་ཞིག་ལ། སང་ལོའི་དེ་རིང་གི་ཉིན་བར་༧ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཚོ་བཞུགས་ཀྱི་གནས་བབ་གསལ་སྟོན་དགོས་པའི་འབོད་བསྐུལ་ཤུགས་ཆེར་ཞུ་རྒྱུ་སྦྲགས།

 

སྔ་ལོ་༢༠༡༣། ༡༡། ༡༢ ཉིན། རྒྱ་ནག་གཞུང་སླར་ཡང་རྒྱལ་ཚོགས་ཀྱི་ཚོགས་མིར་འགྱུར་ནས་ཁས་ལེན་དམ་བཅའ་དང་གང་མང་ཞིག་བཞག་ཁྲོད། བོད་དང་བོད་མིའི་ཆོས་དད་རང་མོས་དང་སྨྲ་བ་རང་དབང་མཚོན་པོའི་གཞིའི་རྩའི་ཐོབ་ཐང་ཁག་ཡར་རྒྱས་གཏོང་རྒྱུར་ཁས་ལེན་བྱས་ཁག་སླར་ཡར་དྲན་བསྐུལ་ཞུ་ཡི་ཡོད་ལ། དེང་གི་ཆར་རྒྱལ་སྤྱིའི་རང་དབང་ཉམས་ཞིབ་པ་དང་ཆེད་མཁས་པ་གང་མང་ཞིག་གིས་ “ཕྱི་ལོ་༢༠༡༠ཡས་མས་ནས་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཟུར་པ་པད་མ་འཕྲིན་ལས་ཀྱིས།༧པཎ་ཆེན་རིན་པོ་ཆེ་འཆར་ཅན་གྱི་མི་ཚེ་བསྐྱལ་བཞིན་ཡོད་སྐོར་བརྗོད་པ་ནི་སྐྱག་རྫུན་དང་མགོ་སྐོར་གྱི་སྐད་ཆ་རེད་ཅེས་”གསུངས་པ་བཞིན། ངེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ཚོགས་མི་གཙོས་པའི་བོད་མི་རྣམས་དེང་འདིར་ ༧མཆོག་སྤྲུལ་རིན་པོ་ཆེ་ཡི་སྐུ་འཚོ་བཞུགས་ཡོད་མེད་ལ་དོགས་པ་རྣམ་རྟོག་ཇེ་ཆེར་དང་། གལ་སྲིད་བཞུགས་མེད་ཚེ་ག་རེ་གནང་མིན་གྱི་གླེང་སློང་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་མིན་ལ་མ་ལྟོས་པར། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལོ༢༥ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་།     ༧པཎ་ཆེན་སྐུ་འཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་བཤེགས་ཏེ་ལོ་༢༥འཁོར་བའི་དུས་ཚིགས་དང་བསྟུན།   ༧པཎ་ཆེན་སྐུ་གོང་མའི་བཀྲིན་རྗེས་དྲན་དུ།   བུད་མེད་ལྷན་ཚོགས་ཀྱིས་༼པཎ་ཆེན་སྙིང་སྟོབས།ཡིག་འབྲུ་ཁྲི་བདུན་བསྐྱར་དུ་གླེང་བ།༽ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་ཞུས་པ་བརྒྱུད་ཡིག་འབྲུ་ཁྲི་བདུན་གྱི་གནད་འགག་ཐོག་བགྲོ་གླེང་གནང་རྒྱུ་དང་། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཐོ་དེ་བཞིན་བོད་ཀྱི་ལོ་རྒྱུས་ལ་དཔྱད་བསྡུར་བྱེད་རྒྱུའི་གལ་འགངས་ཆེ་བའི་ཡིག་ཆ་ཡིན་རྐྱེན་དེབ་དེ་ཉིད་བསྐྱར་དུ་པར་སྐྲུན་གྱིས་འགྲེམས་སྤེལ་ཞུ་ཡི་ཡོད།

 

ཡིག་འབྲུ་ཁྲི་བདུན་ཐད་རྒྱ་ནག་གི་སྲིད་འཛིན་འདས་པོ་མའོ་རྩེ་ཏུང་གིས།དུག་ཅན་གྱི་མདའ་དེ་བཀས་བཀོད་རྒྱུན་འཛིན་པ་ངོ་ལོག་ཚོགས་པས་རྒྱ་གཞུང་ལ་འཕེན་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད།གལ་ཆེའི་ཡིག་ཆ་འདིའི་ནང་དུ་བོད་ནང་རྒྱ་གཞུང་གིས་ལས་ཀ་བྱེད་བབ་ཀྱིས་བོད་ཀྱི་ས་ཁྱོན་དང་བོད་མིར་སྔར་མྱོང་མེད་པའི་དཀའ་སྡུག་སྤྲད་ཡོད་པ་རྣམས་གོ་རིམ་ལྡན་པའི་ཐོག་ནས་ཞུ་གཏུགས་གནང་ཡོད།

གཞན་འདི་ལོ་ནི་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དགུང་སྐེག་འཁེལ་བར།ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ཚོགས་མི་ཡོངས་ཀྱིས་སྐྱོ་གདུང་དྲག་པོའི་ངང་སྐུ་ཕྱྭའི་ཞབས་རིམ་དང་།རྒྱའི་བཙན་དབང་ནས་མྱུར་གྲོལ་ཕྱིར་བཀའ་བསྒྱུར་དག་འདོན་གཙོས་པའི་ཞབས་རིམ་བསྒྲུབ་པའི་ལམ་འཁྲུངས་སྐར་ཞུ་ཡི་ཡོད་ཀྱང་། ལོ་རྗེས་མ་དེ་ལྟར་མིན་པར་དགའ་སྤྲོའི་གཏམ་བཟང་ཞིག་གོ་རྒྱུའི་རེ་ལྟོས་བཅོལ་གྱི་ཡོད་ཅེས་ཞུ་འདོད་བྱུང་།

 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་ནས།   ༢༠༡༤ཟླ་༤ཚེས་༢༥ལ།།