བཙན་བྱོལ་ནང་གི་གསར་འགྱུར།, བོད་ཀྱི་གསར་འགྱུར།

བུད་མེད་སྒེར་ལངས་ཐེངས་ ༥༥ པའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གཏམ་བཤད།

12th-March-banner

 

༄༅།།   དེ་རིང་གི་ཉིན་མོ་ནི་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཀྱིས་རྒྱ་གཞུང་གིས་ཁྲིམས་འགལ་གི་ཐོག་ནས་བོད་ས་ཡོངས་རྫོགས་བཙན་འཛུལ་དང་དྲག་གནོན་བྱས་པར།   ཕྱི་ལོ་ ༡༩༥༩ ཟླ་ ༣ པའི་ ཚེས་ ༡༢ ཉིན་མོར།  ཆོལ་གསུམ་བུད་མེད་གཅིག་ཏུ་བསྡུས་ནས་གཞི་རྒྱ་ཆེ་བའི་རྔམས་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་ ལམ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་མི་ལོ་ཧྲིལ་པོ་ལྔ་བཅུ་ང་ལྔ་ ༥༥ འཁོར་བའི་བརྗེད་ཐབས་མེད་པའི་ ལོ་རྒྱུས་རང་བཞིན་ལྡན་པའི་གལ་ཆེའི་ཉིན་མོ་དེ་འཁེལ་ཡོད།
གོ་སྐབས་འདི་བརྒྱུད་ཐོག་མར།  ༡༩༥༩ ཟླ་ ༣ པའི་ཚེས་ ༡༢ ཉིན་མོར་བོད་རྒྱལ་ཁབ་དང་མི་རིགས།  རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཆེད་དུ་རང་ལས་རྒྱལ་ཁབ་གཙིགས་ཆེ་བར་བཟུང་ནས་རྒྱ་གཞུང་གིས་དྲག་མཚོན་གྱི་མདུན་དུ་བདེན་པའི་འབོད་སྒྲ་བསྒྲོགས་ནས་གདོང་ལེན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ།  ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་ཡོད་པའི་རྒྱལ་གཅེས་དཔའ་མོ་དམ་པ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ལ་ཆེ་བསྟོད་ཀྱི་བསྔགས་བརྗོད་དང་ཡི་རངས་གུས་བཏུད་ཞུ་རྒྱུ་དང་།   དཔའ་མོ་དམ་པ་རྣམས་ཀྱི་བཀྲིན་སྙིང་དབུས་སུ་བཅངས་ཏེ།  ༡༩༥༩།༣།༡༢ ལོར་གསར་བཙུགས་ཞུས་པའི་བྱས་པ་ཅན་གྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱུན་འཛིན་ཆེད།  བཙན་བྱོལ་ནང་དུ། ཕྱི་ལོ་ ༡༩༨༤ ལོར་སླར་གསོ་ཞུས་ཐོག་དམིགས་ཡུལ་གཙོ་བོ་བོད་དོན་བདེན་པའི་འཐབ་རྩོད་གནང་གི་ཡོད་ཅིང་། དེ་ཡང་དབུ་མའི་ལམ་གྱི་སྲིད་ཇུས་དམ་འཛིན་གྱིས་ལས་འགུལ་རྒྱུན་འཁྱོངས་སྟེ་སྤེལ་མུས་སུ་ཡོད།    སྒྲིག་འཛུགས་འདི་ཡིས་སྔ་ཕྱི་བར་གསུམ་ལྷག་བསམ་གཡོལ་བ་མེད་པར་སྐུ་ལས་སྐྱོན་མྱོང་ཡོད་པའི་བུད་མེད་ཡོངས་དང་།  དམིགས་བསལ་བུད་མེད་རྒན་རབས་རྣམས་ཀྱིས་དུས་ཚོད་ཉག་ཕྲའི་སྐབས་སྐུ་ལས་སྐྱོན་པའི་བཀྲིན་བཅས་ལ་གུས་བརྩི་ཞུ་བ་དང་སྦྲགས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

ད་ལྟའི་ཆར་བོད་ནང་ལ་མཚོན་ན་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་གནས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།   རྒྱ་གཞུང་གི་བཟོད་ཐབས་བྲལ་བའི་མཁྲེགས་བཟུང་གི་སྲིད་ཇུས་ཁོ་ནར་བརྟེན།  བོད་ནང་ཕྱི་ལོ་   ༢༠༠༩   ནས།   ཕྱི་ལོ་ ༢༠༡༤ཟླ་ ༢ པའི་ཚེས་ ༡༣ བར་རྒྱལ་གཅེས་ལྷག་བསམ་ལྡན་པ་སེར་སྐྱ་ཕོ་མོ་ ༡༢༧ དང་།   བཙན་བྱོལ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་།   ཕྱི་ལོ་ ༡༩༩༨   ནས་ ༢༠༡༣ བར་རྒྱལ་གཅེས་པ་དྲུག་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་མཁྲེགས་བཟུང་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པའི་ཚད་མཐོའི་ལས་འགུལ་ལ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུར་ཆོད་སེམས་བརྟན་པོ་བཟུང་ཡོད།
དེང་གི་ཆར་ཡང་རྒྱ་གཞུང་གིས་གླུ་བ་དང་རྩོམ་པ་པོ་སོགས་བོད་མི་རིགས་ཀྱི་བདེ་སྡུག་ལས་དོན་ཆེ་ཆུང་ཅི་རིགས་གནང་མཁན་ལ་ཆབ་སྲིད་ཉེས་མིང་བཙུགས་ཏེ་གང་བྱུང་འཛིན་བཟུང་བྱེད་མུས་ཡོད་པ།  དཔེར་ན།  ཕྱི་ལོ་ ༢༠༡༣ ནས་༢༠༡༤ བར་གཅིག་པོར་བོད་མི་ ༨༩༣ ཙམ་བཙོན་དུ་བཅུག་ཡོད།  ལྷག་དོན་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཤུལ་ལུས་ནང་མིར་བསུན་གཙིར་དང་བཙན་པོ་དབང་ཡོད་བྱས་ལ་བརྟེན།   རྒྱལ་གཅེས་དཔའ་མོ་དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་རྗེས་བཟའ་ཟླ་སྒྲོལ་མ་སྐྱབས་ལ་རང་གི་བཟའ་ཟླ་བསད་པའི་ཉེས་བཙུགས་འོག་འཛིན་བཟུང་གིས་སྲོག་ཁྲིམས་ཉེས་ཆད་བཏང་ཡོད།   དེ་བཞིན་ཁམས་འབྲི་རུའི་ནང་ལྟར་དགོན་དགོན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་འཛིན་བཟུང་དང་བཅར་རྡུང་དྲག་པོས་དམར་བསད་བཏང་འདུག   ཡང་འབྲི་རུ་ཞང་ལྕམ་རམ་གྲོང་གི་ན་གཞོན་དཀོན་མཆོག་གྲགས་པ་ལ་རྒྱ་གཞུང་གིས་ཉེས་རྡུང་དྲག་པོས་དམར་བསད་བཏང་འདུག་པ་སོགས་བོད་མིའི་ཐོག་དམ་དྲག་གི་གནས་སྟངས་ཛ་དྲག་ཏུ་གནས་ཡོད།

 

དེ་རིང་གི་གོ་སྐབས་འདི་བརྒྱུད།  ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་རྒྱ་གཞུང་གིས་གསལ་སྟོན་དགོས་པ་དང་།   སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་དགོས་པ།   ངེས་མེད་འཛིན་བཟུང་དང་།  བཙོན་ཁང་ནང་བཅར་རྡུང་དྲག་པོས་དམར་བསད་གཏོང་བ་ལ་སོགས། ལོ་ངོ་དྲུག་བཅུའི་ནང་བོད་མིའི་ཐོག་ལག་བསྟར་བྱེད་མུས་སུ་ཡོད་པའི་མཁྲེགས་བཟུང་སྲིད་ཇུས་དེ་ཕམ་ཉེས་དང་།  དབང་ཆ་གཅིག་བསྡུས་དང་ནོར་འཁྲུལ་ཅན་གྱི་སྲིད་ ཇུས་ཡིན་པར་རྒྱ་གཞུང་གི་འགོ་འཁྲིད་ཚོས་ངོས་ལེན་བྱེད་དགོས་པའི་འབོད་བསྐུལ་དང་སྦྲགས།
འཛམ་གླིང་ནང་རྩོད་མེད་ཡོངས་གྲགས་ཐོག་གུས་བརྩི་ཞུ་ཡུལ།   འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་གནས་བཞེས་ཤིང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། བོད་ནང་གི་དོན་རྐྱེན་ནམ་བྱུང་དང་། རྒྱལ་སྤྱིའི་སྟེང་དྲང་ཚུགས་ལྡན་པའི་རྒྱལ་ཁབ་དབུ་འཁྲིད་ཁག་གིས་༧གོང་ས་མཆོག་དང་མཇལ་འཕྲད་ནམ་བྱུང་བཅས་ལ། རྒྱ་ནག་གཞུང་གིས་མུ་མཐུད་མ་ཉེས་ཁ་གཡོག་དང་།    གཞི་མེད་ཀྱི་མཚན་སྨད་ཞུ་བའི་བྱེད་བབ་ལ། ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ།   དེ་ལྟར་ཛ་དྲག་གི་གནས་བབ་རྣམས་ངེད་བུད་མེད་ལྷན་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་པའི་ཐོག་ནས་ མཉམ་འབྲེལ་རྒྱལ་ཚོགས་དང་། གནད་དོན་འབྲེལ་ཆགས་ཀྱི་ཚན་པ་སོ་སོར་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་ཡོད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུར་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་བྱུང་རྐྱེན་ལ་གླེང་སློང་ཡོང་བའི་ཞུ་ཡིག་དང་།   བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་སྐོར་སྙན་ཐོ་ཡང་འབུལ་ལམ་ཞུ་ཐུབ་ཡོད།
ཡང་རྒྱ་གར་སྨན་ཞབས་སྒྲིག་འཛུགས་ལྷན་ཁང་གིས་རྒྱ་གར་གྱི་མི་སེར་ལས་གཞན་མི་རིགས་ལ་སྨན་པའི་སློབ་སྦྱོང་བྱེད་ཆོག་ཀྱང་ལས་ཀ་བྱེད་མི་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་པར།  བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་སྨན་ཞབས་ལྷན་ཚོགས་ལ་དོན་ཚན་གཉིས་ཀྱི་ཐོག་བོད་རིགས་སྨན་ཞབས་སློབ་ཕྲུག་རྣམས་ལ་དམིགས་བསལ་གྱིས་དགོངས་པ་བསྐྱར་བཞེས་དགོས་པ་བདེ་སྡུག་གི་ཞུ་སྙན་སྨན་པའི་ལྷན་ཚོགས་ལ་ཕུལ་ལམ་ཞུས་པར།  སྨན་ཞབས་ལྷན་ཚོགས་ཀྱིས་ཡིག་ལན་ཡང་གནང་འབྱོར་བྱུང་ཡོད།

བུད་མེད་སྒེར་ལངས་ཐེངས་ལྔ་བཅུ་ང་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན།  ངེད་བུད་མེད་ལྷན་ཚོགས་ཀྱིས་སྔར་ལོ་ནས་བོད་ནང་གི་ད་འྟའི་ཛ་དྲག་སྤྱི་དང་བྱེ་བྲག་ཏུ་རང་ལུས་མེར་བསྲེགས་གནང་མཁན་དཔའ་མོ་རྣམས་བཀྲིན་རྗེས་དྲན་མཚོན་རྟེན་དུ།༼དཔའ་མོའི་མེར་སྒྲོན་༽ ཞེས་པའི་མཚན་ཐོག་ནས་སློབ་ཡོན་གཙོས་པའི་ཆེ་བསྟོད་གཟེངས་བསྟོད་འབུལ་གཏན་འཁེལ་བ་བཞིན།  འདི་ལོ་བུད་མེད་སྒེར་ལངས་ཐེངས་༥༥   འཁོར་བའི་དུས་དྲན་དང་བསྟུན།  བཙན་བྱོལ་སྤྱི་ཚོགས་སུ་ཡོངས་གྲགས་སུ་བོད་ཀྱི་༼Mother Trease༽  ཞེས་འབོད་པའི་བུད་མེད་ཚེ་རིང་སྒྲོལ་དཀར་ཀྱིས་(ཕྱི་ལོ་ ༡༩༩༧ ནས་༢༠༡༤ )ད་ལྟའང་ཅན་རྡི་གར་སྨན་ཁང་ཉེ་འགྲམ་དུ་ཁང་པ་ཟུར་གླས་ཀྱིས་མ་བསྐུལ་དང་བླངས་ཐོག་བོད་མི་ནད་གཅོང་སུ་ཕེབས་ལ་རྒྱུས་སྟོན་དང་སྐད་ བསྒྱུར་གཙོས་སྨན་པ་བསྟེན་གཏུགས་སོགས་ཁ་ཡོད་ལག་ཡོད་ཀྱི་གཞན་ཕན་གྱི་བྱ་བ་སྒྲུབ་མུས་སུ་ཡོད་ན།   ཁོང་གིས་སྤྱི་སེམས་འགན་འཁུར་ལ་ཆེ་མཐོང་དང་གུས་བཀུར་མཚོན་རྟེན།   ཕྱི་ལོ་ ༢༠༡༤ ལོའི་ རྒྱལ་གཅེས་དཔའ་མོའི་མེར་སྒྲོན་གྱི་གཟེངས་རྟགས་ཀྱི་མཚན་ཐོག་ནས།  ཧིན་སྒོར་ ༢༥༠༠༠ ཐམ་པ་དང་།  བཀྲིས་མཇལ་དར་བཅས་གཟེངས་རྟགས་འབུལ་ལམ་ཞུ་ཡི་ཡོད།

དེ་མཚུངས་རྒྱའི་བཙན་གནོན་སྲིད་ཇུས་ལ་ལྟོས་མེད་ཀྱིས་བོད་ནང་བོད་མི་རྒན་གཞོན་བར་གསུམ་གྱིས་བོད་སྐད་ཡིག་ཆོས་དང་རིག་གཞུང་ལ་རང་ངོས་ནས་ལུས་སྲོག་ཡན་བློས་བཏང་གིས་སྦྱོང་བ་ཧུར་ཐག་གིས་མི་ཉམས་རྒྱུན་འཛིན་གནང་མུས་སུ་མཆིས་པར་སྙིང་ནས་བསྔགས་བརྗོད་དང་ཡི་རངས་མཚོན་ཆེད་དུ།    འདི་ལོ་ངེད་བུད་མེད་ལྷན་ཆོགས་ཀྱིས་སྒེར་ལངས་འདི་བརྒྱུད།༼རྒྱའི་བཙན་གནོན་འོག་གི་རྒྱ་བོད་མི་རིགས་བསྲེས་ལྷད་ཐད་ཞིབ་འཇུག༽དང་།༼བྱེས་སུ་གྱར་རྗེས་བོད་རིགས་དང་མི་རིགས་གཞན་བར་རིགས་རྒྱུད་བསྲེས་ལྷད་ཐད་ཞིབ་འཇུག་༽ ཅེས་པའི་བརྗོད་གཞི་གཉིས་ཐོག་བོད་ཀྱི་བུད་མེད་ཤེས་ཡོན་ཅན་གཉིས་ལ་དུས་ཡུན་ལོ་གཅིག་རིང་ལ་ལས་ཞོར་ཉམས་ཞིབ་བམ་རང་མོས་ཉམས་ཞིབ་ཅེས་ལྷན་ཚོགས་ཀྱི་ལས་ཁུངས་སུ་གཏན་ བཞུགས་མི་དགོས་པའི་ཐོག་ནས་ལོ་གཅིག་གི་ཆོད་འགན་ཐོག་བཞག་རྒྱུ་གཏན་འཁེལ་ཡོད་ན། ཐུགས་འདོད་ཡོད་རིགས་རྣམས་ནས་དེར་གྱེས་གཟིགས་ཀྱིས།  ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་༡ འགྱངས་མེད་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་སུ་འབྲེལ་གཏུགས་གནང་དགོས་པ་བཅགས་བསྐུལ་ཞུ་རྒྱུ་ཡིན།

ཡང་འདི་ལོ་ ༢༠༡༤ ལོའི་སློབ་ཡོན་དེ་བཞིན་བོད་ནང་གི་བུད་མེད་ཀྱི་ཤེས་ཡོན་ཐོག་འབུལ་ལམ་ཞུ་ཡི་ཡོད།
ཐེངས་ ༥༥ པའི་བུད་མེད་སྒེར་ལངས་གི་གོ་སྐབས་བརྒྱུད་དེ།   བོད་རྒྱའི་དཀའ་རྙོག་དྲང་བདེན་ཐོག་སེལ་ཐབས་སུ།   བོད་ཀྱི་གནད་དོན་ནི་བོད་མི་རིགས་དང་།  དེར་བདག་པའི་ས་ཁྱོན་ཞིག་གི་བདག་དབང་ཙམ་མིན་པར།  འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་དྲང་སྙོམས་བཅས་ཉམས་རྒུད་ལས་སྐྱོབ་བྱེད་ཀྱི་དུས་རབས་ཉེར་གཅིག་པའི་དཔལ་ཡོན་གཅིག་པུ་དེ་ལགས་ན།   དྲང་བདེན་གྱི་ཚད་གཞི་འདི་ཉིད་གཙིགས་འཛིན་བྱེད་པའི་རྒྱལ་སྤྱིའི་གཞུང་དམངས་གཉིས་ངོས་ནས།   བོད་ཀྱི་བདེན་མཐའ་༼བོད་རྒྱ་ཞི་མོལ་༽  གྱི་ལམ་ནས་སེལ་ཐབས་སུ།  ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་༢༠༡༤ ཟླ་གཉིས་པ་ནས་འགོ་བཙུགས་ཀྱིས།  བོད་རྒྱ་ཞི་མོལ་ཡོང་བར་༧གོང་ས་མཆོག་གི་སྐུ་ཚབ་བམ། ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ དང་ལྷན།   རྒྱ་གཞུང་གི་འགོ་ཁྲིད་བར་གང་མགྱོགས་ཞི་མོལ་ཡོང་བར་རོགས་མགོན་ཡོང་ཐབས་སུ་དྲ་རྒྱའི་ཐོག་ཐད་ཀར་མཚན་རྟགས་བསྡུ་རུབ་ཞུས་ཡོད་པ་རྣམས་ཤར་ནུབ་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་གྲོས་ ཚོགས་ཁག་ལ་སྦྲགས་ཐོག་ནས་གཏོང་གི་ཡོད།

ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་རྒན་གཞོན་བར་གསུམ་གྱིས་སྒེར་གྱི་སྟབས་བདེའི་ཆེད་མིན་པར།   བོད་མི་རིགས་རྩ་བརླག་ཏུ་འགྲོ་བའི་ཉེན་སྲུང་གི་འགན་མདང་སྐྱེས་པའི་བྱིས་པར་ཡང་འཁྲི་ཡོད་ན།  རྒྱ་ཆེ་ས་ནས་བསམ་བློ་གཏང་ནས།   དེང་དུས་ཀྱི་སྦྱང་པའི་ཡོན་ཏན་དང་མཉམ།  ཕ་མེས་ནས་ཡོད་པའི་བོད་མི་རིགས་ཀྱི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་མཛངས་སྤྱོད་དང་།   འཛམ་གླིང་ལ་ངོམ་དུ་ཆོག་པའི་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་།  དེ་བཞིན་སོ་སོའི་སྐད་ཡིག་གོམས་སྲོལ་ལ་ཆེ་མཐོང་སྤྲོད་ཐུབ་པ་དང་དེའི་ཐོག་ནས་རང་རྒྱལ་ཁབ་ཀྱི་བཟང་པོའི་གོམས་སྲོལ་གྱིས་རྒྱབ་ཐེག་པ་ཞིག་ཡོང་རྒྱུར་གོམ་པ་    དང་པོ་ཁྱིམ་ཚང་ནང་ནས་སློབ་གསོ་གོ་རྟོགས་སྤེལ་རྒྱུར་རྒན་རབས་ཚོར་འགན་ཡོད་པ་བཞིན།   མི་རབས་གསར་པ་ཚོས་ངོས་ནས་ཀྱང་།  སྟབས་གང་བདེ་དང་སྣང་བ་གང་སྐྱིད་ཙམ་མིན་པར།  བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ག་རེའི་དོན་དུ་གཏོང་གི་ཡོད་པ་ཚང་མས་མཁྱེན་གྱི་ཡོད་པ་བཞིན།   ཉིན་རེའི་འཚོ་བའི་བྱ་ལས་ནང་སེམས་འཁུར་བླངས་སྟེ།  གཤིས་བརྒྱུད་བཟང་པོའི་ཡོན་ཏན་རྣམས་མི་རབས་ནས་མི་རབས་བརྒྱུད་རྩིས་སྤྲོད་ཐུབ་རྒྱུར་བདག་གཅེས་ལ་འབད་བརྩོན་གནང་དགོས་པའི་གཞེན་བསྐུལ་ཞུ་ཡི་ཡོད།
12 March Poster final
བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཨེ་ཤ་ཡ་གཙོས་འཛམ་གླིང་གླིང་ཕྲན་བཞི་ཡི་ནང་ས་གནས་ཡན་ལག་ ༥༦ དང་ཚོགས་མི་གྲངས་འབོར་ ༡༧༠༠༠ ཙམ་ཡོད།  སྒྲིག་བཙུགས་ཚགས་ཚུད་དང་ཡར་རྒྱས་སུ་ཕྱོགས་པ་དེ།  གཙོ་ཆེན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་ལམ་སྟོན་དང་།   ཐུགས་ཆེའི་སྦྱིན རླབས་ལ་བརྟེན་ནས་བྱུང་བ་དང་།  བྱེ་བྲག་ཏུ་བོད་ནང་གི་དཀའ་སྡུག་ཇི་འཕྲད་ལ་བལྟོས་མེད་བོད་རིགས་སྤུན་ཟླ་རྣམས་ཀྱི་མི་རིགས་ཀྱི་ལ་རྒྱ་སྲོག་ལས་གཅེས་པར་འཛིན་པའི་བཀྲིན་དང་།    བཙན་བྱོན་ནང་ཆོལ་གསུམ་བོད་རིགས་བུད་མེད་རྒན་གྲས་རྣམས་ཀྱིས་རྒྱུན་གནས་ཐུབ་རྒྱུར་སྐུ་ལས་དུ་མ་སྐྱོནཡོད་པ་བཅས་ཀྱི་བཀྲིན་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་ལ།     སླད་མར་ཡང་བོད་ཀྱི་བདེན་མཐའ་མ་སེལ་བར་སྒྲིག་འཛུགས་སྲ་བརྟེན་གནས་དགོས་པར་སོང་།   སྤྱི་དོན་ལ་ཚུར་དོ་སྣང་སྤྲད་དེ་མི་རབས་གསར་པའི་བུད་མེད་ཤེས་འཇོན་གཉིས་ལྡན་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་ཡོང་བ་འབོད་བསྐུལ་ཞུ་ཡི་ཡོད།

མཐའ་དོན།    འཛམ་གླིང་འདིར་འགྲོ་བ་སེམས་ཅན་ཡོངས་ལ་ཐུགས་བྱམས་བརྩེར་ཉེ་རིང་མེད་པར་བླ་ན་ མེད་པའི་དབུ་འཁྲིད།    འཛམ་གླིང་ཞི་བདེའི་དེད་དཔོན།   ཟུར་གནས་རིག་པ་ལྡན་པ་སྐྱེ་བོ་ཀུན་གྱིས་འདི་ཕྱིའི་སྐྱབས་གནས་དམ་པ།   བྱེ་བྲག་ཏུ་བོད་གཞིས་བྱེས་གངས་ཅན་པ་ཡོངས་ལ་བཀྲིན་བླ་ལྷག་ཏུ་ཆེ་བའི་འདི་ཕྱིའི་སྐྱབས་མགོན་བླ་ན་མ་མཆིས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༧ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པ་དང་།   རང་གཞན་གཉིས་སྨན་གྱི་རླབས་ཆེན་གྱི་དགོངས་བཞེད་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་ཏེ།   བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་གཞིས་བྱེས་མཉམ་འཛོམས་ཡོང་བའི་བཀྲིས་  སྨོན་འདུན་ཞུ་རྒྱུ་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།   ཕྱི་ལོ་ ༢༠༡༤ ཟླ་ ཚེས་༡༢ ལ།།