Uncategorized

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་བོད་དོན་གླེང་སློང་དགོས་པའི་བསྐུལ་འདེད་ཡོང་སླད་གསར་འགོད་གསལ་བསྒྲགས།

campaign posterརྒྱ་གར་གྱི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་དུ་སྐོར་བསྐྱོད་ཡོང་རྒྱུའི་སྔ་ནུབ་ཏུ། བཙན་བྱོལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཉིས་པ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་གྱི་སྲིད་བློན་ན་ནཱ་རེན་ཌ་མུ་དྷེ་མཆོག་དགུང་གྲངས་༦༤ལ་(༡༧།༩།༢༠༡༤)ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། དེ་རེབ་ཀྱི་ཐུག་འཕྲད་སྐབས་སུ་བོད་ནང་གི་ཛ་དྲག་གནས་བབ་གླེང་སློང་ཡོང་རྒྱུའི་བསྐུལ་འདེད་གསར་འགོད་གསལ་བསྒྲགས་དང་འབྲེལ། ཞི་ཅིན་ཕིན་གྱིས་ཅིས་ཀྱང་བོད་མིའི་འགོ་ཁྲིད་དང་༸གོང་ས་མཆོག་གི་སྐུ་ཚབ་ཏུ་ལྷན་དུ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དངོས་ཡོད་དཀའ་གནད་སེལ་ཐབས་བྱེད་དགོས་པ་ལས། གཡོལ་ཐབས་དང་འཁྱོག་བཤད་ཁོ་ནས་ཁུངས་འཁྱོལ་ཐབས་ཡོད་པ་མ་རེད་ཅེས་བློ་རྩ་ཕུད་ཀྱི་ཡོད།

དེ་མཚུངས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་དུ་སྐོར་བསྐྱོད་སླེབས་རྒྱུའི་སྔ་ནུབ་ཏུ་སླར་ཡང་ད་ལོའི་ཕྱི་ཟླ་༣ཚེས་༡༤ཉིན་དེ། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་འཁོད་ལ་ཉེ་མཚམས་སྤེལ་བའི་བརྙན་འཕྲིན་ལས་འགུལ་ཞིག་ཏེ། མཚན་བྱང་དུ། ༼ཞི། བོད་ཀྱི་དཀའ་གནད་ལ་གདོང་གཏད་རོགས་༽ཞེས་པ་སླར་ཡང་འགྲེམ་སྤེལ་དང་། ལས་འགུལ་འདི་ནི་སྔ་ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་ཇན་རྡ་མན་དྷར་ས་ཁུལ་དུ་སྤེལ་ཞིང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཡན་ལན་༣༣ནས་བུད་མེད་༢༠༠ ལྷག་ཙམ་གྱི་ཆ་ཤས་བླངས་ཐོག ལས་འགུལ་དེ་བརྒྱུད་ནས་ཞི་ཅིན་ཕིན་ལ་དགོས་འདུན་དོན་ཚན་གསུམ་ཕུལ་ཁག་ནི།

༡ ཞི། བོད་ནང་གི་དྲག་གནོན་མཚམས་འཇོག་བྱོས།

༢ ཞི། བོད་ནང་གི་ཛ་དྲག་གནས་བབ་སེལ་ཐབས་བྱོས།

༣ ཞི། བོད་ཀྱི་དངོས་ཡོད་གནས་སྟངས་ལ་གདོང་ལེན་བྱོས། ཞེས་པའི་ལམ་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐོག་མར་སྲིད་འཛིན་ལ་འཁོད་སྐབས་རེ་བསྐུལ་ཞུས་ཀྱང་། ༼ཞི་ཅིན་ཕིན་སྲིད་འཛིན་དུ་འཁོད་ནས་ད་བར་ཟླ་ངོ་༡༨ཕྱིན་ཡང་། ཁོང་གི་འགོ་ཁྲིད་འོག་བོད་ནང་གི་བོད་མིའི་བདེ་སྡུག་ལ་ཡག་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་ཕྱིན་པ་ནི་ཞེ་སེམས་སྐྱོ་ཡ་རང་རེད།༽ཅེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་མཆོག་གིས་གསུངས།
རྒྱ་ནག་དམར་པོས་བོད་ས་བཙན་བཟུང་དང་དབང་བསྒྱུར་བྱས་པ་ནས་ད་བར། བོད་ཀྱི་ཆོས་དང་རིག་གཞུང་གཙོས། དེང་གི་ཆར་བོད་ནང་གི་བོད་མིའི་ཞི་བའི་སྐད་འབོད་དང་ཁྲིམས་མཐུན་གྱི་ཁྲིམས་བསྐོར་རིགས་ལ་དྲག་གནོན་དང་དྲག་སྤྱོད་པའི་བྱ་སྤྱོད་ཡིན་སྐོར་གྱི་ཁ་བསྒྱུར་དང་། རྡུང་རྡེག་དང་བཙོན་བཅུག་བཅས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་རྐྱང་སྤེལ་ཡོད་པ་གསལ་འཁོད་བྱས་ཡོད།

དེ་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་དུ་སླར་གསོ་ཞུས་ཏེ་མི་ལོ་༣༠ ཕྱིན་རིང་། ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་དང་འགོ་འཁྲིད་རིམ་པ་ལ་བོད་ནང་གི་དཀའ་གནད་ཁག་ཞི་བའི་སེལ་ཐབས་གནང་འོས་ཚུལ་འབོད་བསྐུལ་རབ་དང་རིམ་ཞུས་ཀྱང་ཕན་པ་འཁེལ་མ་བྱུང་ཐོག ད་བར་བོད་ནང་རང་ལུས་མེ་བསྲེགས་གཏོང་མཁན་༡༣༡ དང་དེའི་ཁྲོད་བུད་མེད་༢༡བྱུང་བ་ནི་ཅིས་ཀྱང་རྒྱ་ནག་བོད་ཐོག་བཟུང་བའི་རྔམ་གནག་གི་སྲིད་ཇུས་དེ་ཉིད་ཕམ་ཉེས་དང་དོན་ཕན་བྱུང་མེད་པའི་གསལ་བཤད་རང་ཡིན་ན། རྒྱ་གཞུང་གིས་མུ་མཐུད་དངུལ་དངོས་ཁོ་ན་དཔུང་ཤེད་དང་སྟོབས་ཤུགས་སུ་བརྩི་བའི་བསམ་སྤྱོད་དེ་མཚམས་འཇོག་རན་པའི་འབོད་བསྐུལ་དང་སྦྲགས། འདིའི་ཐད་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་༼རྒྱ་གཞུང་གིས་ཅིས་ཀྱང་ཤི་གསོན་གཉིས་ཀྱི་བོད་མིའི་མངོན་འདོད་བོད་ལ་རང་དབང་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུས་དགོས་ཅེས་པའི་བཞིན། བོད་མིར་རང་ཡུལ་རང་བདག་དང་རང་ཁ་རང་གསོ་ཡི་སྲིད་བྱུས་ཅིག་བསྐྲུན་དགོས་པ་ལས། མཁྲེགས་སྲིད་དང་ཨུ་ཚུགས་ཁོ་ནས་བོད་མིའི་བློ་ཁ་བསྒྱུར་མི་ཐབས་༽ཞེས་གསུངས་ལ།

གཞན་ཞི་ཅིན་ཕིན་རྒྱ་གར་ལ་སླེབས་རྒྱུའི་བདུན་གཅིག་སྔོན་དེ། ཟླ་འདིའི་ཕྱི་ཚེས་༩ཉིན་ངེད་ལྷན་ཚོགས་ཀྱིས་རྒྱ་གར་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་བཅས་ལ་དེ་རེབ་ཀྱི་ཐུག་འཕྲད་བརྒྱུད་ནས་ཅིས་ཀྱང་བོད་དོན་གླེང་སླེང་དགོས་པའི་ཞུ་སྙན་ཕུལ་པ་མ་ཟད། ངེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ཡོང་རྒྱུར་གྱི་ཉིན་གཉིས་དེ་ཟླ་འདིའི་ཕྱི་ཚེས་༡༦དང་༡༧རིང་རྒྱ་གར་གྱི་འགོ་འཁྲིད་རིམ་པར་ཞུ་གཏུགས་མཇལ་བཅར་བྱེད་དུ་ཕེབས་འཆར་ཡོད་པ་བཅས་སོ།

Press contacts:

Tashi Dolma, President – 9459553953
Nyima Lhamo, General Secretary – 9882502821