བོད་ཀྱི་གསར་འགྱུར།

སླར་ཡང་ཨ་མ་ཞིག་གིས་རང་ལུས་མེ་བསྲེགས་བཏང་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མྱ་ངན་ཞུས།

Tibetan-Womens-Association-logoཁ་སང་གི་མེ་བསྲེགས་དོན་རྐྱེན་དེ་ནི་རང་ལུས་མེ་རུ་སྒྲོན་མཁན་བོད་ཀྱི་བུད་མེད་ཨང་དྲུག་པ་དེ་ཆགས་ཡོད།

སྤྱི་ལོ་༢༠༡༢ཟླ་༥ཚེས་༣༠ཉིན་གྱི་ཕྱི་དྲོའི་དུས་ཚོད་༣ཡས་མས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་སུ་ཕ་ཕྱུག་ལོ་དང་། མ་རིན་ལྷ་གཉིས་ཀྱི་བུ་མོ་རང་ལོ་༣༦ཡས་མས་ཡིན་པ་རི་ཀྱོ་ལགས་ཀྱིས་བོད་མི་རིགས་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་སྟེ་ས་གནས་དེ་ག་རང་ལ་སྐུ་གྲོངས་ཡོད་འདུག་པར་ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་མྱ་ངན་གུས་འདུད་མཚོན་དེ་རིང་ཕྱི་ལོ་༢༠༡༢ཟླ་༥ཚེས་༣༡ཉིན་གྱི་དགོང་དྲོར་མར་མེ་ཁྲོམ་སྐོར་གོ་སྒྲིག་ཞུས་ཡོད། འདི་ནི་བོད་ཀྱི་བུད་མེད་རང་ལུས་མེ་བསྲེགས་གཏོང་མཁན་དྲུག་པ་དང་རང་ལུས་མེ་བསྲེགས་གཏོང་མཁན་ཨ་མ་གཉིས་པ་དེའང་ཆགས་ཡོད།

འདས་གྲོངས་སོང་བའི་རྒྱལ་གཅེས་དཔའ་མོ་ཕྲུ་གུ་བཞིའི་ཨ་མ་རིན་ཆེན་ལགས་དང་། རང་ལོ་༡༩ ཙམ་ཡིན་པའི་སློབ་འབྲོང་སློབ་མ་ཚེ་རིང་སྐྱིད་རྣམ་གཉིས་ཀྱི་སྔ་རྗེས་སུ་རང་ལུས་མེ་བསྲེགས་བཏང་བས་མཚོན། སྤྱི་ལོ་༢༠༡༡ཟླ་༡༠ཚེས་༡༧ཉིན། རྔ་བ་བདེ་ཆེན་ཆོས་འཁོར་གླིང་གི་རང་༢༠སོན་པའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས། ཆོས་དད་རང་དབང་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་ཚིག་སྐྱོར་ཞོར་རང་ལུས་མེར་མཆོད་ཕུལ་ཡོད་ལ། ཡང་སྤྱི་ཟླ་༡༡ ཚེས་༣ ཉིན་ཁམས་རྟའུ་ནས་ཡིན་པ་རང་ལོ་༣༥ སོན་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ཡིས་ཀྱང་། གཞིས་བྱེས་མཉམ་འཛོམས་དང་༧རྒྱལ་བ་སྐུ་ཚེ་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོག་ཞོར་རང་ལུས་མེར་མཆོད་ཕུལ། དེ་བཞིན་འདི་ལོ་༢༠༡༢ ཟླ་༢ ཚེས་༡༡ ཉིན། སླར་ཡང་བདེ་ཆེན་ཆོས་འཁོར་གླིང་ནས་ཡིན་ཞིང་རང་ལོ་༡༨ སོན་པའི་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གཤེགས་ཡོད་ལ། དེའི་ཐད་དབུས་བུད་མེད་ལྷན་ཚོགས་ངོས་ནས་སེམས་ཚབ་དྲག་པོ་ཡོད་པའི་རྣམ་འགྱུར་རྒྱལ་སྤྱིར་གསལ་སྟོན་དང་། ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་རང་ལུས་མེར་བསྲེགས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་བཏང་སྟེ་བོད་ལ་རང་དབང་རང་བཙན་སྦྲོད་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་རེ་འདུན་གང་ཞུས་ཁག་ལ། རྒྱ་ནག་གཞུང་གིས་གསན་འཇོག་དགོས་སྐོར་ནན་བསྐུལ་ཀྱང་ཞུས་ཡོད །

འཚོ་གནས་འབྲོག་པ་ཡིན་པའི་རི་ཀྱོ་ལགས་ཀྱིས་མོའི་སྐུ་ཟླ་དང་བུ་ཕྲུག་གསུམ་ཤུལ་ཏུ་བཞག་ནས་རང་ལུས་མེར་མཆོད་ཀྱི་བློས་གཏོང་རླབས་པོ་ཆེ་དང་ཚད་མཐོའི་འཚེ་མེད་ཞི་བའི་བྱེད་བབ་སྙིང་སྟོབས་ལ་བླ་མེད་གུས་འདུད་ཞུ་ངེས་ལ། རི་ཀྱོ་ལགས་ནི་སྤྱི་ལོ་༢༠༠༩ཟླ་༢ཚེས་༢༥་ཉིན་བཀྲ་བྷེ་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་བ་ནས་བཟུང་། བོད་མི་རང་ལུས་མེར་མཆོད་ཕུལ་མཁན་ཨང་༣༨དེ་ཆགས་ཡོད་ལ། ཁྱོན་སྡོམ་རང་ལུས་མེ་བསྲེགས་གཏོང་མཁན་༣༨བྱུང་བ་རྣམས་ལས་༢༧མ་གཏོགས་དང་གཞན་མི་གྲངས་བཅུ་གཅིག་གར་ཡོད་ཆ་མེད་ཀྱི་ནང་མི་ངོ་ཤེས་སོགས་སུ་གང་གིས་ཤེས་རྟོགས་དང་ཐུག་འཕྲད་ཀྱང་བྱུང་མེད།

དེ་ལྟར་བོད་མི་ཞི་རྒོལ་ནང་འཛུལ་ཞུགས་བྱེད་མཁན་དང་སྐུ་ལུས་མེར་བསྲེགས་གཏོང་མཁན་ཟི་ཁྲོན་དང་མཚོ་སྔོན་ས་ཁུལ་ཙམ་དུ་མ་ཟད་ཞི་རྒོལ་གྱི་མེ་ལྕེ་དེ་ས་ཁུལ་གཞན་དུའང་རྒྱ་ཁྱབ་འགྲོ་མུས་སུ་ཡོད་ཀྱང་། རྒྱ་གཞུང་གིས་དྲག་པོའི་ཁྲིམས་གཞི་མུ་མཐུད་དྲག་འཛིན་གྱིས་ཉེ་བའི་ཟླ་ཤས་ནང་བོད་མིས་ཞི་བའི་སྒོ་ནས་རྔམ་སྟོན་ཁྲོམ་སྐོར་བྱས་པར་མང་ཚོགས་ཁྲོད་གང་བྱུང་མེ་མདའ་རྒྱབ་ཏེ་ཉམས་ཆུང་བོད་མི་དམར་གསོད་བཏང་ཡོད།

 འདི་ལོ་སྤྱི་ཟླ་བཞི་བའི་ནང་། ངེད་བུད་མེད་ལྷན་ཚོགས་ཀྱིས་བོད་མི་རང་ལུས་མེ་བསྲེགས་གཏོང་མཁན་རྣམས་ཀྱི་གོ་རིམ་དང་ཀུན་སྤྱོད། རྣམ་འགྱུར་ལ་བསྐྱར་ཞིབ་ཅེས་པའི་དེབ་ཅིག་དཔར་སྐྲུན་འགྲེམ་སྤེལ་ཞུས་ཡོད། དེར་སྤྱི་ལོ་༢༠༠༩ཟླ་༢ཚེས་༢༧ནས་སྤྱི་ལོ་༢༠༡༢ཟླ་༣ཚེས་༣༠བར་བྱུང་བའི་བོད་མི་རང་ལུས་མེ་བསྲེགས་གཏོང་མཁན་མི་གྲངས་༣༢བྱུང་བར་རྒྱལ་སྤྱིའི་ངོས་ནས་དེ་ལ་ཡ་ལན་རྣམ་འགྱུར་ཅི་སྟོན་དང་། དེ་ལྟ་བུའི་ཚད་མཐོའི་འཚེ་མེད་ཞི་བའི་བྱེད་བབ་དེས་འཛམ་གླིང་ཁྱོན་ཡོངས་ལ་འགུལ་ཤུགས་གསལ་བརྡ་ཅི་སྟོན་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པས། ངེད་ལྷན་ཚོགས་ཀྱི་དྲ་བྱང https://tibetanwomen.org/books-reports/བརྒྱུད་ཀློག་ཐུབ་ཀྱི་ཡོད།

 བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་མིའི་ཚེ་སྲོག་སྐྱོབ་པར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་བོད་ནང་དྲག་གནོན་མཚམས་འཇོག་ཡོང་བར་ཐེ་ཇུས་དགོས་པ་དང་། བོད་དུ་གསར་འགོད་འགྲོ་བསྐྱོད་ཆོག་པ་ལ་སོགས་པའི་ཕྱོགས་ཡོངས་ནས་རྒྱ་གཞུང་ལ་གོ་རིམ་ལྡན་པའི་གནོན་ཤུགས་སྤྲད་རྒྱུར་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ད་དུང་ང་ཚོས་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ [Navanethem Pillay] མཆོག་ལ་བོད་ནང་གི་དཀའ་རྙོག་ཡོད་སའི་ས་ཁུལ་ཁག་ལ་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་སྐུ་ཉིད་ངེས་ཕེབས་དགོས་པའི་ཁར་ཞིབ་འཇུག་མི་སྣ་གཏོང་གནང་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།

 ཕྱི་ཟླ་༣ཚེས་༢༧ཉིན་ནས་བརྩི་བའི་ད་ལྟ་བར་བསྟུད་མར་བྱུང་བའི་རང་ལུས་མེར་མཆོད་ཀྱི་ལས་འགུལ་འདི་ཉིད་བཞིན་དེ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་སྡེ་སྒོ་མོའི་ཆེའི་མདུན་ཐང་དུ་མང་གཙོ་དོན་གཉེར་བ་སློབ་ཕྲུག་སྟོང་ཕྲག་གཅིག་དམར་གསོད་བཏང་ནས་མི་ལོ་༢༣འཁོར་བའི་དུས་དྲན་གྱི་མཛད་སྒོ་དེ་སྤྱི་ཟླ་༦ཚེས་༤ལ་འཚོགས་གཏན་འཁེལ་གྱི་ཡོད་པ་བཅས། གནས་ཚུལ་འདི་དག་གཙོས་དེང་འདིར་རྒྱ་ནག་དཔོན་རིགས་ཁག་བར་རྙོག་འཛིང་རབ་དང་རིམ་པ་བྱུང་མུས་སུ་ཡིན་པ་འདིས། རྒྱ་ནག་དམར་ཕྱོགས་ཚོགས་པས་ད་ལྟའི་བར་མཁྲེགས་བཟུང་བྱས་པའི་གཅིག་སྡུད་ལམ་ལུགས་སྲིད་བྱུས་དེའི་ཕམ་ཁ་ཞིག་མཚོན་གྱི་ཡོད་པས། སྲིད་བྱུས་ལ་བསྐྱར་ཞིབ་གཙོས་ངེས་པར་འགྱུར་བ་གཏོང་རྒྱུའི་འབོད་བསྐུལ་དང་། ལྷག་པར་བཙན་བྱོལ་བོད་མི་སྐུ་ཚབ་དང་ལྷན་དུ་བགྲོ་མོལ་བརྒྱུད་བོད་ད་ལྟའི་ཛ་དྲག་གནས་བབ་ནས་སྐྱབས་ནས་ཞི་འཇགས་དང་རང་དབང་ལྡན་པའི་ཁོར་ཡུག་ཅིག་སྐྲུན་རྒྱུར་ནན་བསྐུལ་བྱེད་ཀྱིན་ཡོད།

Leave A Comment

Your Comment
All comments are held for moderation.