ཐེངས་བཅུ་དགུ་བའི་འཇང་དགུན་ཆོས་མཇུག་སྡོམ་ཉིན་མོར་ངེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་མཆོག་གིས་ཚོགས་འགོ་དུ་གཏམ་བཤད་གནང་བ་ Share: 0 Likes 362 Views ཐེངས་བཅུ་དགུ་བའི་འཇང་དགུན་ཆོས་སྒྲོལ་མ་གླིང་བཙུན་དགོན་དུ་ཚོགས་པ་དང་བསྟུན། ངེད་ལྷན་ཚོགས་ནས་རྒྱལ་གཅེས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་གཙོས་བོད་དོན་བདེན་མཐའ་སེལ་སླད། ཞབས་རིམ་༧རྒྱལ་བའི་ཞབས་བརྟན་དང་སྒྲོལ་མ་སྨིན་སྒྲུབ་ཞུ་རྟེན་ནམ། འདུས་ཚོགས་སུ་བསྙེན་བཀུར་དུ་གསོལ་ཇ་དང་བཞེས་བག བཙུན་མ་རེར་སྐུ་ཡོན་སྒོར་༥༠བཅས་བསྡོམས་ཧིན་སྒོར་༢༥༧༥༩་འབུལ་བསྐལ་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་དང་སྦྲགས། སྤྱི་ཚེས་༢མཇུག་སྡོམ་ཉིན་མོར་ངེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་མཆོག་གིས་ཚོགས་འགོ་དུ་གཏམ་བཤད་གནང་བ་ཁག་གཤམ་གསལ་ལྟར་རོ། ༄༅།། འདི་ཕྱིའི་སྐྱབས་གནས་མཁན་རིན་པོ་ཆེ་རྣམ་པས་དབུས་འཕགས་པའི་དགེབཙུན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་དྲུང་ཆེ་མཆོག་དང་། བུད་མེད་ལྷན་ཚོགས་ཀྱི་ཚོགས་ཟུར་དང་། བཀའ་ཟུར། བཙུན་མའི་ལས་འཆར་གྱི་དབུ་འཛིན་ལས་ཐོག་ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག་དང་། བཙུན་མའི་ངེས་སྟོན་པ་བཙུན་མ་བློ་བཟང་བདེ་ཆེན་མཆོག་དང་། གཞན་ཡང་འདིར་བྱོན་སྐུ་མགྲོན་རྣམ་པ་ལྷན་རྒྱས་ལ། ངས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ། འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། རྩ་ཆེ་དང་གལ་ཆེའི་བཙུན་མའི་འདུས་ཚོགས་འདིར་བུད་མེད་ལྷན་ཚོགས་ལ་གོ་སྐབས་གནང་བར་སྙིང་ནས་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སྐད་ཆ་ཚིག་ཁ་ཤས་ཞུ་རྒྱུའི་ཐོག་མར་བུད་མེད་ལྷན་ཚོགས་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་ཞུ་ཆོག་པའི་ཆོག་ མཆན་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༤༩ ཙམ་ནས་རྒྱ་ནག་དམར་གཞུང་གིས་བོད་སར་བཙན་འཛུལ་བྱེད་འགོ་བཙུགས་པ་ནས། ༡༩༥༩།༣།༡༠ ཉིན་གྱི་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དྲག་རྒོལ་བྱས་འོག་གནས་སྟངས་ཆེས་ཛ་དྲག་ཏུ་འགྱུར་ནས། བོད་ཆོས་ལྡན་གྱི་རྒྱལ་ཁབ་འདི་བཞིན་ཆག་འཇིག་འགྲོ་བའི་གཉན་འཕྲང་གི་གནས་སྟངས་དང་དངངས་སྐྲག་ཡོད་པའི་སྐབས་དེར་རང་རེའི་བོད་ཀྱི་བུད་མེད་རྣམས་ཀྱིས་ཀྱང་རྒྱལ་གཅེས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར། རྒྱ་དམར་གཞུང་གི་བཙན་རྒོལ་དྲག་གནོན་ལ་གདོང་ལེན་བྱ་ཕྱིར། ༡༩༥༩།༣།༡༢ ཉིན་གློ་བུར་དུ་གསར་འཛུགས་བྱས་པའི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཤིག་གི་ཐོག་ན་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ཁ་ཤས་ཤིག་འདོན་ནས། ཞི་བའི་རྔམ་སྟོན་ཁྲོམ་བསྐོར་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་པ་དང་། བུད་མེད་བརྒྱ་ཕྲག་མང་པོ་སྐུ་སྲོག་ཤོར་ཡོད་པ་དང་། འགོ་འཁྲིད་བུད་མེད་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་རིག་གནས་གསར་བརྗེའི་སྐབས་ཚང་མ་དམར་བསད་བཏང་ཡོད་པ་སོགས་ལོ་རྒྱུས་རང་བཞིན་ལྡན་པའི་ཆོལ་གསུམ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་གཅིག་པོ་དེ་ཡང་ཆགས་ཡོད། ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་རྗེས། ༡༩༨༤ ལོར་༧སྤྱི་ནོར་༧གོང་ས་༧སྐྱབས་ མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དགོངས་བཞིན། ཕྱི་ལོ་༡༩༨༤ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་ཞུ་ཐུབ་པ་བྱུང་སྟེ་བཀའ་ཟུར་ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག་གིས་ཐེངས་གསུམ་གྱི་རིང་ལ་ཚོགས་གཙོའི་ཐུགས་འགན་བཞེས་གནང་ཡོད་པའི་བཀྲིན་དང་དེ་བཞིན་དབུས་ས་གཉིས་རྒྱུན་ལས་རིམ་ བྱོན་གྱིས་སྐུ་ལས་སྐྱོན་པས་འབྲས་བུར་ད་ཆ་སྒྲིག་འཛུགས་སྲ་ཐག་ཐག་གཅིག་ཆགས་ཐུབ་པ་བྱུང་བར་ངོས་འཛིན་ཞུ་ཡི་ཡོད། ད་ལྟའི་ཆར་བུད་མེད་ལྷན་ཚོགས་ཀྱི་ཁྱབ་ཁོངས་ཨེ་ཤ་ཡ་གཙོས་རྒྱལ་སྤྱིའི་གླིང་ཕྲན་བཞི་ཡི་ནང་ས་གནས་ཡན་ལག་༥༦ དང་ཚོགས་མི་གྲངས་ ༡༦༠༠༠ ཙམ་ཡོད་པས་ཐོག་ནས་ དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུས་མཚོན་བོད་ནང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་བོད་མི་རྣམས་ཀྱི་མགྲིན་ཚབ་བྱས་ནས་རྒྱ་ནག་གཞུང་གི་མཁྲེགས་བཟུང་སྲིད་ཇུས་འོག་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་མེད་བཟོ་བཞིན་པའི་གནད་དོན་རྣམས་དང་། རང་རྒྱལ་སྲུང་སྐྱོབ་ཆེད་བོད་ཕྱི་ནང་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༢༡ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་ སྟེང་ཁྱབ་སྤེལ་ཞུ་རྒྱུ་བཅས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་། དེ་མཚུངས་བུད་མེད་ཀྱི་ ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དང་། འགན་ཁུར་སྣེ་འཁྲིད་ཀྱི་ཟབ་སྦྱོང་། བཙུན་མའི་ འགན་ཁུར་སྣེ་འཁྲིད་ཀྱི་ཟབ་སྦྱོང་སོགས་ལོ་ལྟར་གོ་སྒྲིག་ཞུ་ཡི་ཡོད་ལ། ༢༠༡༣ ནས་འགོ་འཛུགས་ཀྱིས་ད་ལྟ་བར་བོད་མིའི་གནས་ཡུལ་ས་གནས་བཅུ་བདུན་ལ་བསྐོར་བསྐྱོད་ཀྱིས་བུད་མེད་གཙོ་བོར་བྱས་ནས་ཕོ་མོ་དབྱེར་མེད་ལ་གནས་ཡུལ་རྒྱ་གར་གི་ཁྲིམས་ཀྱི་བུད་མེད་ལ་སྲུང་སྐྱོབ་ཇི་ཡོད་ཐོག་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུའི་ཟབ་སྦྱོང་ད་ལྟ་འགྲོ་བཞིན་ཡོད། ལྷག་པར་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་ཡོངས་ལ་༧གོང་ས་མཆོག་གི་མཇལ་ཁ་བཀྲིན་བསྐྱངས་སྐབས་སུ། བུད་མེད་ཚོགས་པས་བཙུན་མ་ཚོའི་སྟེང་ལའང་བསམ་བློ་གཏོང་དགོས་ཞེས། བཀའ་སློབ་གནང་ཡོད་པ་སྙིང་བཅངས་ཀྱིས་ཚོགས་ཆེན་ཐེངས་གསུམ་པ་ནས་བཙུན་མ་དང་འབྲེལ་བ་ཆེར་བཞག་སྟེ། བཙུན་མ་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་དང་དབུས་རྒྱུན་ལས་སུ་ཕེབས་པ་བྱུང་ཡོད་ཀྱང་། བར་ལམ་ནས་བཙུན་མ་ཚོགས་མིར་འཛུལ་ཞུགས་ཀྱི་གྲངས་འབོར་ཆེས་ཉུང་དུ་ཕྱིན་རྐྱེན་ཕན་ཚུན་འབྲེལ་བའང་སྔོན་བཞིན་ཡོང་གི་མེད་སྟབས་། ད་ལན་འདིར་བཙུན་དགོན་སོ་སོ་ནས་གནད་ཡོད་དང་དགོངས་པ་བཞེས་ཐུབ་མཁན་གྱི་བཙུན་མ་ཤ་རྟག་ཕེབས་ཡོད་པར་སོང་། གོ་སྐབས་འདི་བརྒྱུད་དེ་འབོད་བསྐུལ་ཞུ་རྒྱུར། བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་དང་བཙུན་མའི་བར་འབྲེལ་བ་ཧ་ཅང་གི་ཆེན་པོ་ཞིག་རང་བཞིན་གྱི་ཆགས་ཡོད་སྟབས་བཙུན་མ་རྣམས་ནས་ས་གནས་གང་དུ་བཞུགས་ཡོད་མེད་ལ་མ་བལྟོས་པར་བུད་མེད་ལྷན་ཚོགས་ཀྱི་ཚོགས་མིར་ངེས་པར་དུ་འཛུལ་ཞུགས་གནང་རྒྱུར་དགོངས་བཞེས་ཡོད་པ་ཞུ་རྒྱུ་དང་ཆབས་ཅིག་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་སྐབས་ལས་འགུལ་ནང་འཛུལ་ཞུགས་གནང་རྒྱུར་བཙུན་དགོན་སོ་སོ་ནས་དགོངས་པ་བཞེས་གནང་ཡོང་བའི་འབོད་བསྐུལ་ཡང་ཞུ་ཡི་ཡོད། བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འོག་ནས་བུད་མེད་སྐྱ་སེར་གཉིས་ཕྱོགས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུ་དང་བོད་ཀྱི་བདེན་པའི་འཐབ་རྩོད་བཅས་ལ་མཉམ་རུབ་ཀྱིས་ཞབས་འདེགས་ཞུ་རྒྱུ་ནི་ད་ལྟའི་ཆར་ཛ་དྲག་ཏུ་ཆགས་ཡོད། བོད་ནང་གྲྭ་བཙུན་སུ་ཐད་ནས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ལས་འགུལ་ནང་ཆ་ཤས་ལེན་ཚེ་འཛིན་བཟུང་དོ་དམ་འོག་ཚུད་རིགས་རྣམས་དགོན་པར་ཕྱིར་ལོག་མི་ཆོག་པ་མ་ཟད་བཙན་དབང་གིས་སྐྱ་སར་བབས་བཅུག་པ་སོགས་ཀྱི་གནས་སྟངས་འོག་བསྡོད་ཐབས་བྲལ་ཏེ། ༡༩༩༠ ལོར་བཙུན་མ་ ༦༦ ཙམ་གློ་བུར་དུ་བཞུགས་སྒར་དུ་འབྱོར་བའི་འཕྲོད་རྐང་པ་ ནད་པ་དང་། རྐང་པའི་མཛུབ་མོ་ཆད་པའང་བྱུང་ཡོད་པ་རྣམས་ལ་བུད་མེད་ལྷན་ཚོགས་ ཀྱིས་སྨན་བཅོས་དང་ལྟ་སྐྱོང་གི་མཐུན་འགྱུར་སོགས་གནང་ཡོད་པ་དང་། བཙུན་མ་ཚོར་སློབ་གཉེར་གནང་ཡུལ་གྱི་རིས་མེད་ཆེས་མཐོའི་བཙུན་མའི་གཙུག་ལག་སློབ་གཉེར་ཁང་གཅིག་དང་། བཙུན་དགོན་གཅིག་བཅས་གསར་རྒྱག་ཞུ་རྒྱུའི་ས་ཁང་སོགས་སྤུས་གཟིགས་གནང་རྒྱུར་རོགས་རམ་ཐབས་འཚོལ་ཐུབ་ཏེ་སྒྲོལ་མ་གླིང་ཞེས་མཚན་གསོལ་དང་འབྲེལ་ས་ཆོག་སོགས་ཞུས། རྗེས་སུ་ལས་གཞི་རྒྱ་ཆེ་རུ་ཕྱིན་པ་སོང་། བཙུན་མའི་ལས་འཆར་གྱི་ལས་བྱེད་ཆེད་བཙུགས་གནང་ཡོད་པ་དང་སྐབས་དེར་ཆོས་དོན་ལས་ཁུངས་ དང་བུད་མེད་ལྷན་ཚོགས་གཉིས་མཉམ་འབྲེལ་ཐོག་བཙུན་མའི་ལས་འཆར་ལག་བསྟར་གནང་སྟེ་བཙུན་དགོན་ཁག་དང་། ཁ་ཐོར་བཅས་ཀྱི་བཙུན་མ་ཞལ་གྲངས་༢༠༠ བརྒལ་བར་འཚོ་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་ནར་གཏོང་ཞུས་ཡོད་ཀྱང་། གོང་ཞུས་ལྟར་ལས་གཞི་རྒྱ་ཆེན་པོ་ཡིན་པ་དང་། འཛུལ་ཞུགས་གནང་མཁན་མང་དུ་འགྲོ་ཡི་ཡོད་པ། སློབ་སྦྱོང་དང་གནས་མལ་གང་ཅིར་ཚགས་ཚུད་ཡོང་རེ་བཅས་དགོས་པ་རྒྱུ་མཚན་མང་པོར་གཟིགས་ནས། བཙུན་མའི་ལས་འཆར་ཟུར་བཙུགས་ཀྱིས་ཐུགས་འགན་ཆ་ཚང་བཀའ་ཟུར་ལྕམ་སྐུ་རིན་ཆེན་མཁའའགྲོ་མཆོག་ནས་བཞེས་གནང་ཡོང་བའི་འབོད་བསྐུལ་ཞུས་པ་བཞིན། གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་དང་ཐུགས་རྗེའི་བཀྲིན་འོག་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཟུར་དང་བཀའ་ཟུར་བཙུན་མའི་ལས་འཆར་གྱི་དབུ་འཛིན་མཆོག་ནས་དངོས་གནས་དྲང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉམ་པ་སླར་གསོ་དང་མི་ཉམ་རྒྱུན་འཛིན་གོང་འཕེལ་གྱི་ཞབས་འདེགས་ཆེད་ཐབས་མཁས་ཐོག་སྐུ་ལས་དུ་མ་བསྐྱོན་པ་དང་སྐྱོན་མུས་ལ་བརྟེན། ཁྱབ་ཁོངས་བཙུན་དགོན་ཁག་གི་འཛིན་སྐྱོང་དང་། བསླབ་པ་སློབ་གཉེར། གནས་མལ་གང་ཅིར་བསམ་ཡུལ་ལས་འདས་པའི་མཐུན་རྐྱེན་ འཛོམས་པོ་དང་ཚགས་ཚུད་ཐོག་ཡར་རྒྱས་གོང་འཕེལ་ངང་ཁ་ཡོད་ལག་ཡོད་ཀྱིས་རླབས་ ཆེན་པོས་ཕན་ཐོགས་གནང་བཞིན་པར་བཀའ་ཟུར་ལྕམ་སྐུ་མཆོག་ལ་ཐུགས་རྗེ་བཀྲིན་ཆེ་ ཞུ་རྒྱུ་ཡིན། དེ་རིང་སྒྲོལ་མ་གླིང་དུ་བཙུན་མའི་འཇང་དགུན་ཆོས་ཐེངས་བཅུ་དགུ་པ་ཚོག་བཞིན་པ་ དང་དེའི་སྔོན་དུ་ཐེངས་བཅོ་བརྒྱད་འཚོགས་ཟིན་པ་རེད། འཇང་དགུན་ཆོས་དེ་བཞིན་སློབ་གཉེར་བ་རྣམས་ལ་མཁས་པའི་རྩོད་རྒྱུགས་ཀྱི་སྡེང་ཆ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་ལྟར། མཁས་མང་འདུས་པའི་རྩོད་རྒྱུགས་ཀྱི་ལམ་ནས་རིག་པ་དང་རྣམ་དཔྱོད་འཕེལ་ རྒྱས་གཏོང་རྒྱུར་དགེ་ཚན་ལྡན་ཡོད། དེ་ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ མཆོག་གི་ཐུགས་བརྩེ་ཆེན་པོས་བཙུན་མ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་ལ་བསླབ་པ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་གསོལ་བསྩལ་གནང་ཡོད་པའི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་རེད་བསམ་གྱི་ཡོད། ད་དུང་བཙུན་མ་ཚོས་སློབ་གཉེར་མཐར་ཐོན་རྗེས་རྒྱུགས་སྤྲོད་ལམ་ནས་དགེ་བཤེས་མའི་མཚན་གནས་བཞེས་ཐུབ་རྒྱུ་གལ་ཆེན་ཡིན་སྐོར། ༧གོང་ས་མཆོག་གི་བཀའ་སློབ་ནན་ཆེ་ ཐེངས་མང་ཕེབས་ཡོད་པ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་ཐུགས་འགན་རྐང་བཞེས་ཀྱིས། ཆོས་རྒྱུད་ཁག་གི་དབུ་འཁྲིད་རྣམ་པ་དང་གནད་ཡོད་མི་སྣ་ལྷན་ཚོགས་ཀྱིས་ཐེངས་མང་དགེ་བཤེས་མའི་རྒྱུགས་སྤྲོད་གཏོང་ཕྱོགས་ལ་བགྲོ་གླེང་གནང་ཡོད་པས་གྲུབ་འབྲས་སུ། ཕྱི་ལོ་ཕྱི་ལོ་༢༠༡༣ཕྱི་ཟ་༥ ཚེས་ ༢༠ཉིན་དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་དངོས་སུ་དབུ་འཛུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་འབྲི་རྒྱུགས་དང་རྩོད་རྒྱུགས་བླངས་ཡོད་པའི་ནང་བཙུན་དགོན་ཁག་ལྔ་ནས་བཙུན་མ་ཞལ་གྲངས་༢༧ ནས་རྒྱུགས་སྤྲོད་ནང་ཆ་ཤས་བཞེས་ཡོད་པ་དང་ཕྱི་ཟླ་༦ ཚེས་༣ ལ་མཇུག་བསྡོམས་གནང་ཡོད། དགེ་བཤེས་མའི་རྒྱུགས་སྤྲོད་གནང་སའི་སྡེངས་ཆ་ཡོད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་ཡོད། གང་ལ་ཞུས་ན། སློབ་གཉེར་བ་སོ་སོར་སློབ་སྦྱོང་གནང་རྒྱུར་དམིགས་ཡུལ་ངེས་ཅན་ཚད་འཛིན་ས་ཞིག་ཡོད་ན། དེས་སློབ་གཉེར་གནང་སྟངས་ལ་ཁྱད་པར་ཆེན་པོ་བཟོ་ཡོད་རེད་བསམ་གྱི་ཡོད། ལོ་མང་རིང་སློབ་གཉེར་གནང་རྗེས་སྦྱང་འབྲས་ལ་ངོས་ འཛིན་ཐུབ་ཆེད་རྒྱུགས་སྤྲོད་ལམ་ནས་གཟེངས་ཐོན་གྱི་ཕྱག་འཁྱེར་བསྩོལ་གསལ་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེས་སློབ་སྦྱོང་གལ་ཆེན་པོ་ཡིན་པ་དང་། སོ་སོའི་དམིགས་ཡུལ་བསྒྲུབ་རྒྱུར་མཐར་ལམ་ཞིག་ཡོད་པར་སོང་ཚང་མས་འགན་དང་འབད་བརྩོན་རང་བཞིན་གྱི་ཆེ་བ་སླེབས་ཀྱི་རེད་བསམ་གྱི་ཡོད། བཙན་བྱོལ་ནང་དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་སྲོལ་གཏོད་ཐུབ་པ་དང་ཆ་ཤས་བཞེས་ཐུབ་པ་བྱུང་བ་བཅས་ནི། བོད་ཀྱི་ལོ་རྒྱུས་ནང་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་རྩ་ཆེ་དང་གཟི་བརྗིད་ལྡན་པ་ཞིག་བྱུང་བ་དེ་ནི་གཙོ་ཆེ་བླ་ན་མེད་པའི་དབུ་འཁྲིད་༧སྐྱབས་མགོན་རིན་པོ་ཆེན་མཆོག་གི་བཀྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུས་གོ་སྐབས་དེ་ནི་དངོས་གནས་དྲང་གནས་རྩ་ཆེའི་འགྱུར་བ་ཞིག་དང་། བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་དགོས་ཀྱི་རེད་བསམ་གྱི་ཡོད། དེ་འདྲ་ཡིན་ཙང་ཐེངས་དང་པོའི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་ཆ་ཤས་བཞེས་མཁན་མཁས་བཙུན་རྣམ་པའི་བློ་སྟོབས་དང་། སྙིང་རུས། ཡར་རྒྱས་ཀྱི་རྣམ་དཔྱོད་བཅས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱིས་དམིགས་བསལ་གྱི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་མ་འོངས་པར་ཡང་ཐོབ་དཀའི་གོ་སྐབས་ཐོབ་ཡོད་པ་དེ། རྣམ་གཡེང་དང་བྱིང་རྨུགས། ལེ་ལོ་བཅས་ཀྱི་དབང་དུ་མ་སོང་བར། དཀའ་བ་སྤྱད་དེ་རང་གཞན་གཉིས་ལ་སྨན་པ་བསླབ་པ་སློབ་གཉེར་མཐར་འཁྱོལ་བ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དགེ་བཤེས་མའི་རྒྱུགས་སྤྲོད་ནང་ཆ་ཤས་བཞེས་མཁན་ཇེ་མང་ཇེ་མང་དུ་ཕེབས་ཐུབ་པ་གནང་སྟེ། སྤྱི་ཚོགས་ནང་ནང་ཆོས་ཐོག་ཚད་མཐོའི་ཞབས་འདེགས་ཞུ་ཐུབ་པ་དགོས་རྒྱུ་དང་། ལྷག་པར་བོད་ནང་རྒྱ་གཞུང་གིས་བོད་ཀྱི་རྩ་ཆེའི་ཆོས་རྩ་མེད་བཟོ་རྒྱུར་སྒོ་ཀུན་ནས་དྲག་གནོན་བྱེད་ཀྱི་ཡོད་པ་དེས་ཆོས་དང་རིག་གཞུང་ཉམས་རྒུད་འགྲོ་བཞིན་པ་དེ་དག་ཉམ་པ་སོར་ཆུད་དང་མི་ཉམས་རྒྱུད་འཛིན་གནང་རྒྱུའི་འགན་ཆེན་པོ་རང་དབང་ཡུལ་གྲུའི་ནང་ཡོད་པ་རྣམས་ལ་ཡོད་ན་དེ་ལུགས་ཀྱི་དགོངས་པ་ཟབ་བཞེས་ཐོག་རང་ཉིད་རང་གི་ལྐོག་ ཏུ་འགྱུར་བ་ཞིག་མ་ཡིན་སྟབས་ཚང་མས་དང་བས་ཀུན་ནས་བླངས་ཏེ་ཧུར་ཐག་གནང་གི་ཡོད་རེད་ལ་མུ་མཐུད་དེ་གནང་རོགས་གནང་ཞུ་རྒྱུ་དང་། ཕྱོགས་མཚུངས་རང་ཉིད་ལས་སྣེ་གང་དུ་ཡོད་པ་དེར་གཞན་གྱིས་ཞིབ་འཇུག་གནང་མཁན་ཡོད་མེད་ལ་མ་བལྟོས་པར་འགན་རང་འཁུར་གྱིས་སྒོ་གསུམ་གྱི་སྤྱོད་པ་ཡ་རབས་བཟང་སྤྱོད་ལྡན་རྒྱུ་དེའང་བོད་མི་ རིགས་ཀྱི་གོམས་སྲོལ་བཟང་པོ་མཚོན་གྱི་ཡོད་ན། དེའི་ཐོག་ལའང་བཙུན་དགོན་སོ་སོའི་ནང་ལྷོད་ཡངས་མེད་པར་སྔར་ལས་ལྷག་དམ་དོན་དང་། ཕྱི་ནང་མཚུངས་པའི་སྤྱོད་ལམ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ལ་དེ་ལྟར་ཟབ་ནན་དགོས་པ་འབོད་བསྐུལ་ཞུ་ཡི་ཡོད། བཙུན་མའི་ལས་འཆར་གྱི་དབུ་འཛིན་དང་བཀའ་ཟུར་ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་སླར་གསོ་ཞུ་བའི་སྐབས་ནས་བཟུང་ཐུགས་འགན་ཆེན་བཞེས་གནང་སྟེ་ཕྱག་ལས་རྒྱ་ཆེན་པོ་གནང་ཡོད་ལ། དེང་གི་འཆར་ཡང་ང་ཚོར་དཀའ་ངལ་ནམ་འཕྲད་སྐབས་ལམ་སྟོན་ཞུས་པ་བཞིན་སློབ་སྟོནཡང་དག་པ་གནང་གི་ཡོད་པར། གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་གྱི་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཡང་ལམ་སྟོན་བཀའ་སློབ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ ཡིན། མཐའ་དོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་༧སྐྱབས་ མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པ་དང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་སྟེ་གཞི་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་དང་། དེ་བཞིན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་རྣམ་པ་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་། ཆོས་ར་ཆེན་པོ་དར་ཞིང་རྒྱས་པའི་སྨོན་འདུན་ཡོད། Related PostsToday a Tibetan Women Self-immolated in NgabaOn the afternoon of 11th December, 2017 we the Executive members and staffs of the Tibetan Women’s Association went around the public places of Delhi to distribute some pamphlets about the Global significance of Tibetan Riversརྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ།The Press Statements issued by Tibetan Women’s Association, Central in three different languages, on the occasion of the ‘World Human Rights Day’ and the ’28th anniversary of the Conferment of Noble Peace Prize DayTWA Appeal To Boycott Chinese GoodsPress conference on the upcoming Global Day of Action,1st October to resist against Chinese Communist Party. twa November 4, 2013 བཙན་བྱོལ་ནང་གི་གསར་འགྱུར། Tibetan Women's Association @tb