བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལ་དྭགས་ནས་ལས་འགུལ་ཁག་མཇུག་སྒྲིལ་།

540 Views

སྤྱི་ ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ནས་ ༡༤ བར་ལ་དྭགས་ཞི་བའི་ཚལ་དུ་༧གོང་ས་༧སྐྱབས་ཆེན་པོ་མཆོག་གི་ཞལ་སྔ་ནས་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་བཀྲིན་སྩོལ་བའི་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ཀྱིས་གོ་སྒྲིག་འོག་ས་གནས་ཁག་༣༠ ནས་ཕེབས་པའི་ས་རྒྱུན་ ཚོགས་གཙོ་དང་རྒྱུན་ལས་བཅས་ཁྱོན་བསྡོམས་བུད་མེད་ ༡༦༠ ་ཙམ་གྱིས་སྤྱི་ཚོགས་ཞབས་ཞུའི་ཁུར་འགན་ཆེ་གྲས།  སྐུའི་ཉེན་སྲུང་དང་འབྲེལ་བའི་ལུས་བཤེར་དང་། གསལ་བསྒྲགས། བུད་མེད་དཀའ་ངལ་འཕྲད་པར་རོགས་སྐྱོར། འཕྲོད་བསྟེན། ཆོས་རྭའི་ནང་སྒྲིག་ཁྲིམས་ལྟ་རྟོག། ཆོས་ཞུ་བའི་དེབ་སྐྱེལ། ཆོས་རྭའི་ནང་གཙང་བཟོ། སྣེ་ལེན་བཅས་ཀྱི་ཐོག་འཁུར་ལེན་ལས་འགན་ཚགས་ཚུད་ཞུས་ཁག་ཟླ་འདིའི་སྤྱི་ཚེས་  ༡༥ ཉིན་ཡོངས་སུ་མཇུག་སྒྲིལ་བྱས་ཡོད།  10421207_10152144777451770_1923214857190397851_nདེའང་ཟླ་འདིའི་སྤྱི་ཚེས་༥ཉིན།  ༼བོད་ཀྱི་བུད་མེད་ཀྱིས་བཙན་བྱོལ་མང་གཙོའི་ཆབ་སྲིད་ཀྱི་ཆ་ཤས་བླངས་པའི་ཤུགས་རྐྱེན་༽ཞེས་མང་གཙོ་བགྲོ་གླེང་གོ་སྒྲིག་ཅིག་ཞུས་ཐོག བགྲོ་གླེང་བ་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་དང་། བུད་མེད་ནུས་སྟོབས་གོང་སྤེལ་གྱི་ལས་འགུལ་བ་ཤར་གླིང་ཟླ་སྒྲོན་མཆོག རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་ལྟེ་གནང་ཁང་གི་ཨེ་ཤ་ཡའི་འགན་ཁུར་ལས་བྱེད་དང་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ལས་འགུལ་བ་བསྟན་འཛིན་དཔལ་སྐྱིད་མཆོག་བཅས་ཀྱིས་གོང་གི་བརྗོད་གཞིའི་སྟེང་གཏམ་བཤད་སྤེལ།

10544336_10152144777561770_8226242263665996860_n

སྤྱི་ཚེས་༧་དང་༨་ཉིན་གཉིས་རིང་། བུད་མེད་ཀྱི་འཕྲིན་བསྟེན་བསྟེན་ཕྱོགས་སྐོར་ལ་ཆེད་མཁས་པ་ཨམ་ཆི་ལྷ་སྒྲོན་མཆོག་དང་། ཨམ་ཆི་ཚེ་རིང་ལྷ་སྒྲོལ་མཆོག་གཉིས་ཀྱིས་བུད་མེད་རྣམས་ལ་བུད་མེད་ཀྱི་སྐྱེས་འཕེལ་ནུས་སྟོབས་ངོ་སྤྲོད་གཙོས། བུ་ཕྲུག་སྐྱོང་སྟངས། མངའ་སྦྲུམ་གྱི་གནས་སྐབས་དང་བཙས་རྗེས་ཀྱི་འཕྲོད་བསྟེན་གནང་ཕྱོགས་ཅི་དགེ་སྐོར་གྱི་ངོ་སྤྲོད་སྦྱོང་བརྡར་ཕུལ་ཐུབ་བ་བྱུང་ཡོད།

10529600_823829337629082_944229822_n 10524482_823829487629067_1684432154_n

སྤྱི་ཚེས་༡༣ཉིན། ༼བོད་འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤ་ཡའི་བརྟན་ལྷིང་༽ཞེས་རྒྱལ་སྤྱིའི་གནས་རིམ་ཅན་གྱི་བགྲོ་གླེང་གོ་སྒྲིག་ཐོག་རྒྱལ་ནང་དང་རྒྱལ་སྤྱིའི་ཁག་ནས་རྟགས་མ་གང་མང་ཐོབ་གནང་མཁན་ཁོར་ཡུག་སྐོར་གྱི་ཆེད་མཁས་པ་སྐུ་ཞབས་ཚེ་དབང་ནོར་འཕེལ་ལགས་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་སྐུ་ཞབས་སྤེན་པ་རྒྱལ་མཚན་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་གཞོན་པ་ཤར་གླིང་ཟླ་སྒྲོན་བཅས་ཀྱིས། དུས་ཡུན་ཆུ་ཚོད་གཉིས་རིང་ལ་བོད་ཀྱི་ཁོར་ཡུག་འགྱུར་ལྡོག་དང་དེས་ཨེ་ཤ་ཡ་སྤྱིའི་མ་འོངས་པར་དངངས་འཚབ་ཅི་བསྐྲུན་སྐོར་གྱི་སྦྱོང་བཤད་གོ་བསྡུར་གནང་ཡོད།

10479930_10152144777271770_7965036800304750838_o

བོད་ཀྱི་བུད་མེད་ལྷན་ཚོགས་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་བུད་མེད་རྐྱང་བའི་ཚོགས་པ་གཅིག་པུ་དང་། བཙན་བྱོོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཉིས་པ་དེ་ཆགས་ཡོད། སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཁྱབ་ཁོངས་འོག་འཛམ་གླིང་གླིང་ཕྲན་བཞི་༼ཨེ་ཤེ་ཡ་དང་།ཨ་རི།ཡུ་རོབ།ཨོ་སི་ཊེ་ལི་ཡ།༽ནང་ས་གནས་ཡན་ལག་ཁག་༥༦ཡོད་པ་དང་།ཚོགས་མི་༡༧༠༠༠ལྷག་ཡོད།