བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ནས་ཐེངས་འདིའི་ཚེམ་བུ་སློབ་གཉེར་བ་བསྡུ་འགོ་འཛུགས་ཡོད།

ཐེངས་འདིའི་ཚེམ་བུ་སྦྱོང་བརྡར་ལ་ཞུགས་བློ་ཡོད་མཁན་རྣམས་ལ་གཤམ་གྱི་ཆ་རྐྱེན་ཁག་འཛོམས་དགོས་ཡོད།

  • ཚོགས་གཙོའི་མཚན་ཐོག་ལ་ཕུལ་རྒྱུ་སྙན་ཞུ་དང་ལྷན་དུ།
  • དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་དང་།
  • བདེ་དོན་ལས་ཁུངས་ཀྱི་ངོ་སྤྱོར་ཡི་གེ
  • རྒྱ་གར་ནང་བསྡད་ཆོག་པའི་ལག་ཁྱེར་(RC)གྱི་ངོ་བཤུས།
  • ལུས་ཕུང་བདེ་ཐང་གི་ངོ་སྤྱོར་ཡི་གེ
  • སོ་སོའི་ཕྱེད་པར་ཅིག་བཅས་སོ།

གོང་གི་ཆ་རྐྱེན་འཛོམས་རིགས་ཀྱི་ངེད་ལྷན་ཚོགས་ཀྱི་གློག་ཀླད་ཁ་བྱང་twasot@gmail.comའམ་ཡང་ན་རྡ་སའི་དབུས་བུད་མེད་སྤྱི་ཁྱབ་རྒྱུན་ལས་ཁུངས་ལ་ཕྱི་ཟླ་དགུ་པའི་ཚེས་༢༥འགྱངས་མེད་སྙན་ཞུ་འབུལ་གནང་ཡོད་པར་ཞུ།

ཟུར་མཆན། 

བོད་ནས་གསར་དུ་འབྱོར་མཁན་ལ་གོ་སྐབས་གཙོ་འབུལ་གནང་རྒྱུ་ཡིན་ན་དེའི་དོན་དགོངས་འཇགས་ཡོད་པ་ཞུ།

 

 

 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སླར་ཡང་དུས་བཅད་༼༢༠༡༤།༤།༢༥་ནས་༢༠༡༥།༤།༢༥༽ནང་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་གསལ་སྟོན་དགོས་པའི་ནན་བཤད།

11th_PanchenLama2དེ་རིང་ནི་དགུང་ལོ་དྲུག་ཅན་གྱི་བྱིས་པ་སེམས་མེད་ཅིག་འཛམ་གླིང་གི་ལོ་རྒྱུས་ཁྲོད་ཉེས་མེད་བཙོན་པ་ཆུང་ཤོས་ཆགས་པའི་༧ཀུན་གཟིགས་དགེ་འདུན་ཉི་མ་མཆོག་དང་ཡབ་ཡུམ་འཁོར་བཅས་བཙན་འཁྲིད་བྱས་ནས་མི་ལོ་༡༩འཁོར་བའི་ཉིན་མོ་རེད།

 

བོད་རང་སྐྱོང་ལྗོངས་ཀྱི་མགོ་གཙོ་ཟུར་བ་ཀྲང་ཆི་ལི་ཡིས་དེ་སྔོན་ཞིག་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་བདེ་འཚམས་ཡིན་སྐོར་གྱི་སྐད་ཆ་ཞིག་བཤད་པ་རེད་མོད། ད་བར་ཁུངས་སྣེ་སྣ་གཅིག་སྟོན་རྒྱུར་མེད་པ་བརྒྱུད་རྒྱལ་སྤྱིའི་རང་དབང་ཉམས་ཞིབ་པ་དང་ཁོང་ལ་སྒོ་གསུམ་དད་པ་གཡོལ་མེད་གནང་མཁན་དད་ལྡན་ཡོངས་ཀྱི་སེམས་ལ་༧མཆོག་སྤྲུལ་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ལ་དོགས་པ་རྣམ་རྟོག་ཇེ་ཆེར་དང་། གལ་སྲིད་བཞུགས་མེད་ཚེ་ག་རེ་གནང་མིན་གྱི་གླེང་སློང་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ལྷན། ༸ཁོང་ལ་མཇལ་སྐལ་མ་ལྡན་པར་ལྷག་པའི་བོད་མིའི་སེམས་ཀྱི་དྲན་གདུང་དང་མནར་སྡུག་ཀྱང་མུ་མཐུད་ཐེག་མི་ཐུབ་པའི་ཚད་དུ་སླེབས་ཡོད་ན།

 

ཉིན་མོ་འདིར་ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་ཚོགས་མི་༡༧༠༠༠པས།  རྒྱ་ནག་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་ཁྲིན་ཅན་ཀོ་འབོད་པར་སླར་ཡང་ཚོར་ཤུགས་ཆེན་པོས་ནན་ཞུ་བྱེད་རྒྱུ་ཞིག་ལ། སང་ལོའི་ཟླ་༤ཚེས་༢༥་ཉིན་བར་༧ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཚོ་བཞུགས་ཀྱི་གནས་བབ་གསལ་སྟོན་དགོས་པ་གོ་སྐབས་འདི་བརྒྱུད་ཁ་བརྡ་སྤྲོད་རྒྱུ་དང་སྦྲགས།

 

སྔ་ལོ་༢༠༡༣། ༡༡། ༡༢ ཉིན། རྒྱ་ནག་གཞུང་སླར་ཡང་རྒྱལ་ཚོགས་ཀྱི་ཚོགས་མིར་འགྱུར་ནས་ཁས་ལེན་དམ་བཅའ་གང་མང་ཞིག་བཞག་ཁྲོད། བོད་དང་བོད་མིའི་ཆོས་དད་རང་མོས་དང་སྨྲ་བརྗོད་རང་དབང་མཚོན་པའི་གཞིའི་རྩའི་ཐོབ་ཐང་ཁག་ཡར་རྒྱས་གཏོང་རྒྱུར་ཁས་ལེན་བྱས་ཁག་ལག་ལེན་བསྟར་རྒྱུར་སླར་ཡང་དྲན་བསྐུལ་བྱེད་ཀྱི་ཡོད།

 

དེའང་སྤྱི་ལོ་༡༩༨༩ཟླ་༡ཚེས་༢༨ཉིན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གདན་ས་བཀྲ་ཤིས་ལྷུན་པོ་ནས་དགོངས་པ་རྫོགས་ཤིང༌། ༸ཁོང་སྐུ་གཤེགས་པ་ནས་བོད་གཞིས་བྱེས་གཉིས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དང༌། དེ་བཞིན་བོད་ཆོལ་ཁ་གསུམ་གྱི་དད་ལྡན་མང་ཚོགས་མང་པོས་ཇི་ལྟར་གསོལ་འདེབས་སྐྱབས་འཇུག་ཞུས་དོན་བཞིན། ༸སྤྱི་ནོར་ྋགོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གིས་ཐུགས་ཁུར་ཆེ་བཞེས་དང་བཅས་ཏེ།   བོད་ས་སྤྲུལ་ལོའི་ཟླ་ ༣ ཚེས་ ༡༩ དང་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་སྐྱེད་ཡབ་དཀོན་མཆོག་ཕུན་ཚོགས་དང༌། སྐྱེད་མ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་འབྲེལ།  བོད་ཤིང་ཕག་ཟླ་༣ ཚེས་ ༡༥ དང་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ ཚེས་ ༡༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཤིང། དེ་སྐབས་ཡང་སྲིད་རིན་པོ་ཆེ་དགུང་གྲངས་  ༦  དང་ད་ལོ་༢༥སོན་ཡོད།

 

རྒྱ་གཞུང་ངོས་ནས་ཅི་ཙམ་གྱིས་༸མཆོག་སྤྲུལ་རིན་པོ་ཆེ་གསང་སྟེབས་དང་བཙན་དབང་གིས་བཀག་གཉེར་བྱེད་པ་དེ་ཚོད་དུ་བོད་མིའི་སེམས་ནས་དད་ཤུགས་ཇེ་ཆེར་འགྲོ་རྒྱུར་བརྟེན།འབྲེལ་ཡོད་ངོས་ནས་དཀའ་གནད་འདིར་བསམ་ཞིབ་ཆེ་བཞེས་ཀྱིས་གང་ཐུབ་སྔ་སེལ་གནང་རྒྱུའི་རེ་བ་བསྐྱར་ནན་ཞུ།

 

 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་ནས།   ༢༠༡༤ཟླ་༥ ཚེས་༡༧ ལ།།

 

བུད་མེད་སྒེར་ལངས་ཐེངས་ ༥༥ པའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གཏམ་བཤད།

12th-March-banner

 

༄༅།།   དེ་རིང་གི་ཉིན་མོ་ནི་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཀྱིས་རྒྱ་གཞུང་གིས་ཁྲིམས་འགལ་གི་ཐོག་ནས་བོད་ས་ཡོངས་རྫོགས་བཙན་འཛུལ་དང་དྲག་གནོན་བྱས་པར།   ཕྱི་ལོ་ ༡༩༥༩ ཟླ་ ༣ པའི་ ཚེས་ ༡༢ ཉིན་མོར།  ཆོལ་གསུམ་བུད་མེད་གཅིག་ཏུ་བསྡུས་ནས་གཞི་རྒྱ་ཆེ་བའི་རྔམས་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་ ལམ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་མི་ལོ་ཧྲིལ་པོ་ལྔ་བཅུ་ང་ལྔ་ ༥༥ འཁོར་བའི་བརྗེད་ཐབས་མེད་པའི་ ལོ་རྒྱུས་རང་བཞིན་ལྡན་པའི་གལ་ཆེའི་ཉིན་མོ་དེ་འཁེལ་ཡོད།
གོ་སྐབས་འདི་བརྒྱུད་ཐོག་མར།  ༡༩༥༩ ཟླ་ ༣ པའི་ཚེས་ ༡༢ ཉིན་མོར་བོད་རྒྱལ་ཁབ་དང་མི་རིགས།  རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཆེད་དུ་རང་ལས་རྒྱལ་ཁབ་གཙིགས་ཆེ་བར་བཟུང་ནས་རྒྱ་གཞུང་གིས་དྲག་མཚོན་གྱི་མདུན་དུ་བདེན་པའི་འབོད་སྒྲ་བསྒྲོགས་ནས་གདོང་ལེན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ།  ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་ཡོད་པའི་རྒྱལ་གཅེས་དཔའ་མོ་དམ་པ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ལ་ཆེ་བསྟོད་ཀྱི་བསྔགས་བརྗོད་དང་ཡི་རངས་གུས་བཏུད་ཞུ་རྒྱུ་དང་།   དཔའ་མོ་དམ་པ་རྣམས་ཀྱི་བཀྲིན་སྙིང་དབུས་སུ་བཅངས་ཏེ།  ༡༩༥༩།༣།༡༢ ལོར་གསར་བཙུགས་ཞུས་པའི་བྱས་པ་ཅན་གྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱུན་འཛིན་ཆེད།  བཙན་བྱོལ་ནང་དུ། ཕྱི་ལོ་ ༡༩༨༤ ལོར་སླར་གསོ་ཞུས་ཐོག་དམིགས་ཡུལ་གཙོ་བོ་བོད་དོན་བདེན་པའི་འཐབ་རྩོད་གནང་གི་ཡོད་ཅིང་། དེ་ཡང་དབུ་མའི་ལམ་གྱི་སྲིད་ཇུས་དམ་འཛིན་གྱིས་ལས་འགུལ་རྒྱུན་འཁྱོངས་སྟེ་སྤེལ་མུས་སུ་ཡོད།    སྒྲིག་འཛུགས་འདི་ཡིས་སྔ་ཕྱི་བར་གསུམ་ལྷག་བསམ་གཡོལ་བ་མེད་པར་སྐུ་ལས་སྐྱོན་མྱོང་ཡོད་པའི་བུད་མེད་ཡོངས་དང་།  དམིགས་བསལ་བུད་མེད་རྒན་རབས་རྣམས་ཀྱིས་དུས་ཚོད་ཉག་ཕྲའི་སྐབས་སྐུ་ལས་སྐྱོན་པའི་བཀྲིན་བཅས་ལ་གུས་བརྩི་ཞུ་བ་དང་སྦྲགས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

ད་ལྟའི་ཆར་བོད་ནང་ལ་མཚོན་ན་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་གནས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད།   རྒྱ་གཞུང་གི་བཟོད་ཐབས་བྲལ་བའི་མཁྲེགས་བཟུང་གི་སྲིད་ཇུས་ཁོ་ནར་བརྟེན།  བོད་ནང་ཕྱི་ལོ་   ༢༠༠༩   ནས།   ཕྱི་ལོ་ ༢༠༡༤ཟླ་ ༢ པའི་ཚེས་ ༡༣ བར་རྒྱལ་གཅེས་ལྷག་བསམ་ལྡན་པ་སེར་སྐྱ་ཕོ་མོ་ ༡༢༧ དང་།   བཙན་བྱོལ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་།   ཕྱི་ལོ་ ༡༩༩༨   ནས་ ༢༠༡༣ བར་རྒྱལ་གཅེས་པ་དྲུག་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་མཁྲེགས་བཟུང་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པའི་ཚད་མཐོའི་ལས་འགུལ་ལ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུར་ཆོད་སེམས་བརྟན་པོ་བཟུང་ཡོད།
དེང་གི་ཆར་ཡང་རྒྱ་གཞུང་གིས་གླུ་བ་དང་རྩོམ་པ་པོ་སོགས་བོད་མི་རིགས་ཀྱི་བདེ་སྡུག་ལས་དོན་ཆེ་ཆུང་ཅི་རིགས་གནང་མཁན་ལ་ཆབ་སྲིད་ཉེས་མིང་བཙུགས་ཏེ་གང་བྱུང་འཛིན་བཟུང་བྱེད་མུས་ཡོད་པ།  དཔེར་ན།  ཕྱི་ལོ་ ༢༠༡༣ ནས་༢༠༡༤ བར་གཅིག་པོར་བོད་མི་ ༨༩༣ ཙམ་བཙོན་དུ་བཅུག་ཡོད།  ལྷག་དོན་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཤུལ་ལུས་ནང་མིར་བསུན་གཙིར་དང་བཙན་པོ་དབང་ཡོད་བྱས་ལ་བརྟེན།   རྒྱལ་གཅེས་དཔའ་མོ་དཀོན་མཆོག་དབང་མོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་རྗེས་བཟའ་ཟླ་སྒྲོལ་མ་སྐྱབས་ལ་རང་གི་བཟའ་ཟླ་བསད་པའི་ཉེས་བཙུགས་འོག་འཛིན་བཟུང་གིས་སྲོག་ཁྲིམས་ཉེས་ཆད་བཏང་ཡོད།   དེ་བཞིན་ཁམས་འབྲི་རུའི་ནང་ལྟར་དགོན་དགོན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་འཛིན་བཟུང་དང་བཅར་རྡུང་དྲག་པོས་དམར་བསད་བཏང་འདུག   ཡང་འབྲི་རུ་ཞང་ལྕམ་རམ་གྲོང་གི་ན་གཞོན་དཀོན་མཆོག་གྲགས་པ་ལ་རྒྱ་གཞུང་གིས་ཉེས་རྡུང་དྲག་པོས་དམར་བསད་བཏང་འདུག་པ་སོགས་བོད་མིའི་ཐོག་དམ་དྲག་གི་གནས་སྟངས་ཛ་དྲག་ཏུ་གནས་ཡོད།

 

དེ་རིང་གི་གོ་སྐབས་འདི་བརྒྱུད།  ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་རྒྱ་གཞུང་གིས་གསལ་སྟོན་དགོས་པ་དང་།   སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་དགོས་པ།   ངེས་མེད་འཛིན་བཟུང་དང་།  བཙོན་ཁང་ནང་བཅར་རྡུང་དྲག་པོས་དམར་བསད་གཏོང་བ་ལ་སོགས། ལོ་ངོ་དྲུག་བཅུའི་ནང་བོད་མིའི་ཐོག་ལག་བསྟར་བྱེད་མུས་སུ་ཡོད་པའི་མཁྲེགས་བཟུང་སྲིད་ཇུས་དེ་ཕམ་ཉེས་དང་།  དབང་ཆ་གཅིག་བསྡུས་དང་ནོར་འཁྲུལ་ཅན་གྱི་སྲིད་ ཇུས་ཡིན་པར་རྒྱ་གཞུང་གི་འགོ་འཁྲིད་ཚོས་ངོས་ལེན་བྱེད་དགོས་པའི་འབོད་བསྐུལ་དང་སྦྲགས།
འཛམ་གླིང་ནང་རྩོད་མེད་ཡོངས་གྲགས་ཐོག་གུས་བརྩི་ཞུ་ཡུལ།   འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་གནས་བཞེས་ཤིང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། བོད་ནང་གི་དོན་རྐྱེན་ནམ་བྱུང་དང་། རྒྱལ་སྤྱིའི་སྟེང་དྲང་ཚུགས་ལྡན་པའི་རྒྱལ་ཁབ་དབུ་འཁྲིད་ཁག་གིས་༧གོང་ས་མཆོག་དང་མཇལ་འཕྲད་ནམ་བྱུང་བཅས་ལ། རྒྱ་ནག་གཞུང་གིས་མུ་མཐུད་མ་ཉེས་ཁ་གཡོག་དང་།    གཞི་མེད་ཀྱི་མཚན་སྨད་ཞུ་བའི་བྱེད་བབ་ལ། ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ།   དེ་ལྟར་ཛ་དྲག་གི་གནས་བབ་རྣམས་ངེད་བུད་མེད་ལྷན་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་པའི་ཐོག་ནས་ མཉམ་འབྲེལ་རྒྱལ་ཚོགས་དང་། གནད་དོན་འབྲེལ་ཆགས་ཀྱི་ཚན་པ་སོ་སོར་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་ཡོད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུར་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་བྱུང་རྐྱེན་ལ་གླེང་སློང་ཡོང་བའི་ཞུ་ཡིག་དང་།   བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་སྐོར་སྙན་ཐོ་ཡང་འབུལ་ལམ་ཞུ་ཐུབ་ཡོད།
ཡང་རྒྱ་གར་སྨན་ཞབས་སྒྲིག་འཛུགས་ལྷན་ཁང་གིས་རྒྱ་གར་གྱི་མི་སེར་ལས་གཞན་མི་རིགས་ལ་སྨན་པའི་སློབ་སྦྱོང་བྱེད་ཆོག་ཀྱང་ལས་ཀ་བྱེད་མི་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་པར།  བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་སྨན་ཞབས་ལྷན་ཚོགས་ལ་དོན་ཚན་གཉིས་ཀྱི་ཐོག་བོད་རིགས་སྨན་ཞབས་སློབ་ཕྲུག་རྣམས་ལ་དམིགས་བསལ་གྱིས་དགོངས་པ་བསྐྱར་བཞེས་དགོས་པ་བདེ་སྡུག་གི་ཞུ་སྙན་སྨན་པའི་ལྷན་ཚོགས་ལ་ཕུལ་ལམ་ཞུས་པར།  སྨན་ཞབས་ལྷན་ཚོགས་ཀྱིས་ཡིག་ལན་ཡང་གནང་འབྱོར་བྱུང་ཡོད།

བུད་མེད་སྒེར་ལངས་ཐེངས་ལྔ་བཅུ་ང་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན།  ངེད་བུད་མེད་ལྷན་ཚོགས་ཀྱིས་སྔར་ལོ་ནས་བོད་ནང་གི་ད་འྟའི་ཛ་དྲག་སྤྱི་དང་བྱེ་བྲག་ཏུ་རང་ལུས་མེར་བསྲེགས་གནང་མཁན་དཔའ་མོ་རྣམས་བཀྲིན་རྗེས་དྲན་མཚོན་རྟེན་དུ།༼དཔའ་མོའི་མེར་སྒྲོན་༽ ཞེས་པའི་མཚན་ཐོག་ནས་སློབ་ཡོན་གཙོས་པའི་ཆེ་བསྟོད་གཟེངས་བསྟོད་འབུལ་གཏན་འཁེལ་བ་བཞིན།  འདི་ལོ་བུད་མེད་སྒེར་ལངས་ཐེངས་༥༥   འཁོར་བའི་དུས་དྲན་དང་བསྟུན།  བཙན་བྱོལ་སྤྱི་ཚོགས་སུ་ཡོངས་གྲགས་སུ་བོད་ཀྱི་༼Mother Trease༽  ཞེས་འབོད་པའི་བུད་མེད་ཚེ་རིང་སྒྲོལ་དཀར་ཀྱིས་(ཕྱི་ལོ་ ༡༩༩༧ ནས་༢༠༡༤ )ད་ལྟའང་ཅན་རྡི་གར་སྨན་ཁང་ཉེ་འགྲམ་དུ་ཁང་པ་ཟུར་གླས་ཀྱིས་མ་བསྐུལ་དང་བླངས་ཐོག་བོད་མི་ནད་གཅོང་སུ་ཕེབས་ལ་རྒྱུས་སྟོན་དང་སྐད་ བསྒྱུར་གཙོས་སྨན་པ་བསྟེན་གཏུགས་སོགས་ཁ་ཡོད་ལག་ཡོད་ཀྱི་གཞན་ཕན་གྱི་བྱ་བ་སྒྲུབ་མུས་སུ་ཡོད་ན།   ཁོང་གིས་སྤྱི་སེམས་འགན་འཁུར་ལ་ཆེ་མཐོང་དང་གུས་བཀུར་མཚོན་རྟེན།   ཕྱི་ལོ་ ༢༠༡༤ ལོའི་ རྒྱལ་གཅེས་དཔའ་མོའི་མེར་སྒྲོན་གྱི་གཟེངས་རྟགས་ཀྱི་མཚན་ཐོག་ནས།  ཧིན་སྒོར་ ༢༥༠༠༠ ཐམ་པ་དང་།  བཀྲིས་མཇལ་དར་བཅས་གཟེངས་རྟགས་འབུལ་ལམ་ཞུ་ཡི་ཡོད།

དེ་མཚུངས་རྒྱའི་བཙན་གནོན་སྲིད་ཇུས་ལ་ལྟོས་མེད་ཀྱིས་བོད་ནང་བོད་མི་རྒན་གཞོན་བར་གསུམ་གྱིས་བོད་སྐད་ཡིག་ཆོས་དང་རིག་གཞུང་ལ་རང་ངོས་ནས་ལུས་སྲོག་ཡན་བློས་བཏང་གིས་སྦྱོང་བ་ཧུར་ཐག་གིས་མི་ཉམས་རྒྱུན་འཛིན་གནང་མུས་སུ་མཆིས་པར་སྙིང་ནས་བསྔགས་བརྗོད་དང་ཡི་རངས་མཚོན་ཆེད་དུ།    འདི་ལོ་ངེད་བུད་མེད་ལྷན་ཆོགས་ཀྱིས་སྒེར་ལངས་འདི་བརྒྱུད།༼རྒྱའི་བཙན་གནོན་འོག་གི་རྒྱ་བོད་མི་རིགས་བསྲེས་ལྷད་ཐད་ཞིབ་འཇུག༽དང་།༼བྱེས་སུ་གྱར་རྗེས་བོད་རིགས་དང་མི་རིགས་གཞན་བར་རིགས་རྒྱུད་བསྲེས་ལྷད་ཐད་ཞིབ་འཇུག་༽ ཅེས་པའི་བརྗོད་གཞི་གཉིས་ཐོག་བོད་ཀྱི་བུད་མེད་ཤེས་ཡོན་ཅན་གཉིས་ལ་དུས་ཡུན་ལོ་གཅིག་རིང་ལ་ལས་ཞོར་ཉམས་ཞིབ་བམ་རང་མོས་ཉམས་ཞིབ་ཅེས་ལྷན་ཚོགས་ཀྱི་ལས་ཁུངས་སུ་གཏན་ བཞུགས་མི་དགོས་པའི་ཐོག་ནས་ལོ་གཅིག་གི་ཆོད་འགན་ཐོག་བཞག་རྒྱུ་གཏན་འཁེལ་ཡོད་ན། ཐུགས་འདོད་ཡོད་རིགས་རྣམས་ནས་དེར་གྱེས་གཟིགས་ཀྱིས།  ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་༡ འགྱངས་མེད་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་སུ་འབྲེལ་གཏུགས་གནང་དགོས་པ་བཅགས་བསྐུལ་ཞུ་རྒྱུ་ཡིན།

ཡང་འདི་ལོ་ ༢༠༡༤ ལོའི་སློབ་ཡོན་དེ་བཞིན་བོད་ནང་གི་བུད་མེད་ཀྱི་ཤེས་ཡོན་ཐོག་འབུལ་ལམ་ཞུ་ཡི་ཡོད།
ཐེངས་ ༥༥ པའི་བུད་མེད་སྒེར་ལངས་གི་གོ་སྐབས་བརྒྱུད་དེ།   བོད་རྒྱའི་དཀའ་རྙོག་དྲང་བདེན་ཐོག་སེལ་ཐབས་སུ།   བོད་ཀྱི་གནད་དོན་ནི་བོད་མི་རིགས་དང་།  དེར་བདག་པའི་ས་ཁྱོན་ཞིག་གི་བདག་དབང་ཙམ་མིན་པར།  འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་དྲང་སྙོམས་བཅས་ཉམས་རྒུད་ལས་སྐྱོབ་བྱེད་ཀྱི་དུས་རབས་ཉེར་གཅིག་པའི་དཔལ་ཡོན་གཅིག་པུ་དེ་ལགས་ན།   དྲང་བདེན་གྱི་ཚད་གཞི་འདི་ཉིད་གཙིགས་འཛིན་བྱེད་པའི་རྒྱལ་སྤྱིའི་གཞུང་དམངས་གཉིས་ངོས་ནས།   བོད་ཀྱི་བདེན་མཐའ་༼བོད་རྒྱ་ཞི་མོལ་༽  གྱི་ལམ་ནས་སེལ་ཐབས་སུ།  ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་༢༠༡༤ ཟླ་གཉིས་པ་ནས་འགོ་བཙུགས་ཀྱིས།  བོད་རྒྱ་ཞི་མོལ་ཡོང་བར་༧གོང་ས་མཆོག་གི་སྐུ་ཚབ་བམ། ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ དང་ལྷན།   རྒྱ་གཞུང་གི་འགོ་ཁྲིད་བར་གང་མགྱོགས་ཞི་མོལ་ཡོང་བར་རོགས་མགོན་ཡོང་ཐབས་སུ་དྲ་རྒྱའི་ཐོག་ཐད་ཀར་མཚན་རྟགས་བསྡུ་རུབ་ཞུས་ཡོད་པ་རྣམས་ཤར་ནུབ་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་གྲོས་ ཚོགས་ཁག་ལ་སྦྲགས་ཐོག་ནས་གཏོང་གི་ཡོད།

ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་རྒན་གཞོན་བར་གསུམ་གྱིས་སྒེར་གྱི་སྟབས་བདེའི་ཆེད་མིན་པར།   བོད་མི་རིགས་རྩ་བརླག་ཏུ་འགྲོ་བའི་ཉེན་སྲུང་གི་འགན་མདང་སྐྱེས་པའི་བྱིས་པར་ཡང་འཁྲི་ཡོད་ན།  རྒྱ་ཆེ་ས་ནས་བསམ་བློ་གཏང་ནས།   དེང་དུས་ཀྱི་སྦྱང་པའི་ཡོན་ཏན་དང་མཉམ།  ཕ་མེས་ནས་ཡོད་པའི་བོད་མི་རིགས་ཀྱི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་མཛངས་སྤྱོད་དང་།   འཛམ་གླིང་ལ་ངོམ་དུ་ཆོག་པའི་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་།  དེ་བཞིན་སོ་སོའི་སྐད་ཡིག་གོམས་སྲོལ་ལ་ཆེ་མཐོང་སྤྲོད་ཐུབ་པ་དང་དེའི་ཐོག་ནས་རང་རྒྱལ་ཁབ་ཀྱི་བཟང་པོའི་གོམས་སྲོལ་གྱིས་རྒྱབ་ཐེག་པ་ཞིག་ཡོང་རྒྱུར་གོམ་པ་    དང་པོ་ཁྱིམ་ཚང་ནང་ནས་སློབ་གསོ་གོ་རྟོགས་སྤེལ་རྒྱུར་རྒན་རབས་ཚོར་འགན་ཡོད་པ་བཞིན།   མི་རབས་གསར་པ་ཚོས་ངོས་ནས་ཀྱང་།  སྟབས་གང་བདེ་དང་སྣང་བ་གང་སྐྱིད་ཙམ་མིན་པར།  བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ག་རེའི་དོན་དུ་གཏོང་གི་ཡོད་པ་ཚང་མས་མཁྱེན་གྱི་ཡོད་པ་བཞིན།   ཉིན་རེའི་འཚོ་བའི་བྱ་ལས་ནང་སེམས་འཁུར་བླངས་སྟེ།  གཤིས་བརྒྱུད་བཟང་པོའི་ཡོན་ཏན་རྣམས་མི་རབས་ནས་མི་རབས་བརྒྱུད་རྩིས་སྤྲོད་ཐུབ་རྒྱུར་བདག་གཅེས་ལ་འབད་བརྩོན་གནང་དགོས་པའི་གཞེན་བསྐུལ་ཞུ་ཡི་ཡོད།
12 March Poster final
བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཨེ་ཤ་ཡ་གཙོས་འཛམ་གླིང་གླིང་ཕྲན་བཞི་ཡི་ནང་ས་གནས་ཡན་ལག་ ༥༦ དང་ཚོགས་མི་གྲངས་འབོར་ ༡༧༠༠༠ ཙམ་ཡོད།  སྒྲིག་བཙུགས་ཚགས་ཚུད་དང་ཡར་རྒྱས་སུ་ཕྱོགས་པ་དེ།  གཙོ་ཆེན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་ལམ་སྟོན་དང་།   ཐུགས་ཆེའི་སྦྱིན རླབས་ལ་བརྟེན་ནས་བྱུང་བ་དང་།  བྱེ་བྲག་ཏུ་བོད་ནང་གི་དཀའ་སྡུག་ཇི་འཕྲད་ལ་བལྟོས་མེད་བོད་རིགས་སྤུན་ཟླ་རྣམས་ཀྱི་མི་རིགས་ཀྱི་ལ་རྒྱ་སྲོག་ལས་གཅེས་པར་འཛིན་པའི་བཀྲིན་དང་།    བཙན་བྱོན་ནང་ཆོལ་གསུམ་བོད་རིགས་བུད་མེད་རྒན་གྲས་རྣམས་ཀྱིས་རྒྱུན་གནས་ཐུབ་རྒྱུར་སྐུ་ལས་དུ་མ་སྐྱོནཡོད་པ་བཅས་ཀྱི་བཀྲིན་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་ལ།     སླད་མར་ཡང་བོད་ཀྱི་བདེན་མཐའ་མ་སེལ་བར་སྒྲིག་འཛུགས་སྲ་བརྟེན་གནས་དགོས་པར་སོང་།   སྤྱི་དོན་ལ་ཚུར་དོ་སྣང་སྤྲད་དེ་མི་རབས་གསར་པའི་བུད་མེད་ཤེས་འཇོན་གཉིས་ལྡན་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་ཡོང་བ་འབོད་བསྐུལ་ཞུ་ཡི་ཡོད།

མཐའ་དོན།    འཛམ་གླིང་འདིར་འགྲོ་བ་སེམས་ཅན་ཡོངས་ལ་ཐུགས་བྱམས་བརྩེར་ཉེ་རིང་མེད་པར་བླ་ན་ མེད་པའི་དབུ་འཁྲིད།    འཛམ་གླིང་ཞི་བདེའི་དེད་དཔོན།   ཟུར་གནས་རིག་པ་ལྡན་པ་སྐྱེ་བོ་ཀུན་གྱིས་འདི་ཕྱིའི་སྐྱབས་གནས་དམ་པ།   བྱེ་བྲག་ཏུ་བོད་གཞིས་བྱེས་གངས་ཅན་པ་ཡོངས་ལ་བཀྲིན་བླ་ལྷག་ཏུ་ཆེ་བའི་འདི་ཕྱིའི་སྐྱབས་མགོན་བླ་ན་མ་མཆིས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༧ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པ་དང་།   རང་གཞན་གཉིས་སྨན་གྱི་རླབས་ཆེན་གྱི་དགོངས་བཞེད་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་ཏེ།   བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་གཞིས་བྱེས་མཉམ་འཛོམས་ཡོང་བའི་བཀྲིས་  སྨོན་འདུན་ཞུ་རྒྱུ་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།   ཕྱི་ལོ་ ༢༠༡༤ ཟླ་ ཚེས་༡༢ ལ།།   

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་མཚོན་པའི་ངེད་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ལས་འགུལ་གང་སྤེལ་ཁག།

Dec-10,-2013-banner_facebookད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱས་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པ་བཙུགས་ནས་མི་ལོ་དྲུག་ བཅུ་རེ་བཞི་འཁོར་བ་དང་དེ་མཚུངས་སུ།རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་བཙན་བཟུང་བྱས་ནས་མི་ལོ་དྲུག་བཅུ་རེ་བཞི་སོང་བའི་ལོ་ཚུགས་ཤིག་ཆགས་ཡོད།ཡང་འདི་ལོ་ནི་རྒྱ་ནག་སྲིད་གཞུང་འོས་བབ་གཏན་ནས་མེད་བཞིན་དུ་ཚོགས་ཁུངས་སུ་ སླར་ཡང་བཞུགས་ཐུབ་པ་བྱུང་བ་བཅས།རྒྱལ་ཚོགས་ཞེས་སྐྱབས་སུ་ཆས་ས་ཞིག་དང་མགོན་དུ་བྱོན་མཁན་ཞིག་མེད་ཚོད་དུ་ ཡིན་ཡང་།སྡིག་པ་མི་བཙུམ་གྱི་ཚུལ་དུ་མ་ཡིན་ཡང་།སླད་ཕྱིན་སྲོང་བོ་མ་ཡིན་པའི་རྒྱལ་ཚོགས་འདི་དངུལ་སྒོར་གྱི་གཞན་ དབང་དུ་མི་འགྲོ་བའི་རེ་བ་མཐའ་མ་དེ་བྱས་ནས།

ཉིན་འདིར་ངེད་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ངོས་ནས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ དང་།རྒྱལ་སྤྱིའི་ཆེས་མཐོ་ཁྲིམས་ཁང་དང་།མཉམ་འབྲེལ་རྒྱལ་ཚོགས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པ་བཅས་ ཚོགས་པ་ཆེ་ཁག་དྲུག་ལ།བོད་ནང་གི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གློད་གྲོལ་གྱིས་ཁོང་གི་ ནད་གཞི་སྨན་བཅོས་མགྱོགས་མྱུར་ཡོང་ཐབས་ཀྱི་རེ་བསྐུལ་སྙན་ཞུས་མཚོན།མ་ཉེས་ཁ་གཡོག་གིས་ཚེ་བཙོན་བཅུག་པའི་གྲྭ་ བློ་བཟང་ཚེ་རིང་དང་།སྲོག་ཁྲིམས་བཅད་པའི་སྒྲོལ་མ་སྐྱབས་བཅས་ལ་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པར་ཁྲིམས་བཤེར་དྲང་བོ་ཡོང་སྐྱབས་ལ་གནོན་ཤུགས་སྤྲོད་གནང་ཡོད་པའི་དགོས་འདུན་དང་འབུལ་བསྐུལ་ཞུ།IMG_3322

ཡང་ཉིན་སྔ་དྲོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོའི་སྟེང་།ངེད་ལྷན་ཚོགས་ཀྱི་ཉམས་ཞིབ་ སྙན་ཐོ་༼བོད་ནང་བུད་མེད་ཀྱི་གནས་བབ་༽ཅེས་གཞུང་འབྲེལ་དབུ་འབྱེད་གནང་ཡོད་ལ།སྐབས་དེ་ག་རང་ལ་གཙུག་ལག་གི་སྒོ་ཁར་ངེད་ལྷན་ཚོགས་ཚུད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་ངོས་ནས།༼བདེན་པའི་ལྕགས་སྒྲོལ་གྲོལ་བ་༽ ཞེས་ཆབ་སྲིད་བཙོན་པ་བརྙན་ལེན་པ་དོན་གྲུབ་དབང་ཆེན་ལགས་བཙོན་ནས་བདེ་ལེགས་ངང་ལོག་ཕེབས་ཐུབ་རྒྱུའི་རེ་སྨོན་མཚོན་པའི་ཤོག་བུའི་ཁྲུང་ཁྲུང་གཅིག་སྟོང་ཐམ་པ་བཟོས་པར་སྒེར་པའི་མཚན་རྟགས་བཀོད་ནས་ལྡི་ལར་བརྟན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ལ་བསྐུར་ཡོད།

2དེ་མཚུངས་སུ།ཉིན་འདིའི་ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་༼རྒྱའི་བཙན་གནོན་འོག་གི་བོད་མིའི་འགྲོ་བ་མིའི་ཐོབ་ ཐང་གི་གནས་བབ་ཕྱི་རྒྱལ་མི་རིགས་ལ་ངོ་སྤྲོད་༽ཅེས།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་དང་དང་བླངས་དབྱིན་ཇི་བ་John Gaudette གཉིས་གདན་ཞུས་ཀྱིས། བོད་ནང་གི་ད་ལྟའི་ཆབ་སྲིད་ཀྱི་ཛ་དྲག་གནས་བབ་སྤྱི་དང་བོད་མིའི་དཀའ་སྡུག་ཁག་ཕྱི་རྒྱལ་མི་རིགས་དོ་སྣང་ཅན་ལ་ འགྲེལ་བརྗོད་གྲོང་གླེང་གོ་སྒྲིག་དང་དྲིལ་བསྒྲགས་བྱས་ཡོད།

  བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།

སྤྱི་ལོ་༢༠༡༣ཟླ་༡༢ཚེས་༡༠ཉིན།

རྒྱལ་ཁབ་ཉི་ཤུ་སྟེ༼G20 ༽གྱི་དབུ་ཁྲིད་རྣམ་པས་བོད་ཀྱི་ཆེད་དུ་ཆིག་སྒྲིལ་གནང་རོགས།།

G20  ངེད་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་ G20 ལྷན་ཚོགས་ཀྱི་དབུ་ཁྲིད་ཚོར།  རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཁོ་ཚོས་བོད་ཐོག་འཛིན་པིའི་སྲིད་ཇུས་དེ་ཕམ་ཉེས་ཕྱིན་པ་གསལ་འདེབས་དང་བཅས། འཕྲལ་མར་ཡོ་སྲང་བྱ་རྒྱུར་རྒྱལ་ཁབ་ཁག་གི་འབྲེལ་ཡོད་སྐུ་ཚབ་རྣམས་ཀྱིས་མཉམ་སྡེབ་ཐོག་ནས་གདོང་ལེན་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།

G20ལྷན་ཚོགས་ཀྱི་སྔ་ནུབ་འདིར་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ནས་G20ལྷན་ཚོགས་ཀྱི་དབུ་ཁྲིད་ཚོར་༼བོད་ཀྱི་ཆེད་དུ་ཆིག་སྒྲིལ་བྱ་དགོས་༽ ཞེས་པ་དང་།  རྒྱ་ནག་དམར་གཞུང་གིས་བོད་བཙན་བཟུང་བྱས་ནས་ལོ་ངོ་དྲུག་ཅུའི་ནང་བོད་མི་ཚོར་ཚད་ལས་འདས་པའི་གནར་གཅོད་འོག་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་ཚབས་ཆེན་གཏོང་བཞིན་པ་འགོག་ཐབས་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་དང་།   གཞན་ཡང་ངེད་ཅང་གིས་གཏམ་བརྗོད་ཀྱི་རྣམ་པའི་ལས་འགུལ་ཞིག་སྤེལ་ནས། བོད་མི་ཚོས་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། གཞི་རྩའི་འགྲོ་བ་མིའི་རང་དབང་གི་ཆེད་དུ་རྒྱ་གཞུང་གི་སྲིད་ཇུས་ལ་མི་འདོད་པའི་ཚད་མཐོ་བའི་རང་ལུས་མེར་བསྲེག་གི་འགོག་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་གསལ་གཏོན་བྱས་ཡོན་ན།

G20 གྱི་ལྷན་ཚོགས་ཐོག་ཕེབས་མཁན་གྱི་སྲིད་གཞུང་ཁག་མཉམ་འབྲེལ་གྱིས་ངེས་པར་དུ་བོད་ཀྱི་ཛ་དྲག་གི་གནད་དོན་གླེང་སློངས་དང་། ཁ་ཡོད་ལག་ཡོད་ཀྱི་སྲིད་ཇུས་གསལ་སྟོན་བྱེད་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་འབྲེལ་དང་དྲིལ་སྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་ནས་”རྒྱ་ནག་ལ་འཛམ་གླིང་དགོས་པ་ནང་བཞིན་འཛམ་གླིང་ལ་ཡང་རྒྱ་ནག་དགོས་ཀྱི་ཡོད།  དཔལ་འབྱོར་གྱི་གནད་དོན་སྲ་བརྟན་དགོས་པ་ཤེས་པ་དང་ཆབས་གཅིག་ང་ཚོས་ངེས་པར་དུ་འགྲོ་བ་མའི་ཐོབ་ཐང་དང་ཆེ་མཐོང།  རིན་ཐང་སོགས་ཀྱང་གཅིག་འགྱུར་གྱིས་སྲ་བརྟན་དགོས་པ་དྲན་དགོས།   བོད་ཀྱི་གཞོན་ལྷན་གྱི་ངོས་ནས་ཆབ་སྲིད་དང་དཔལ་འབྱོར་དྲང་བདེན་ངང་གོང་འཕེལ་དང་སྲ་བརྟན་འགྲོ་དགོས་པ་དང་ G20ལྷན་ཚོགས་ཀྱི་དབུ་ཁྲིད་རྣམས་ནས་འགྲོ་བ་མིའི་རང་དབང་གི་གནད་དོན་གཞི་རྩར་བཞག་ནས་འདི་དག་གདལ་ཤིགས་གཏོང་མཁན་གྱི་སྲིད་གཞུང་ལ་ལམ་སྟོན་དགོས་པའི་རེ་འདུན་འདོན་གྱི་ཡོད།”ཅེས་གསུངས་ཡོད་པ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་སྒྲོལ་མ་ལགས་ནས་ “བོད་ནང་གི་གནས་སྟངས་མུ་མཐུད་དེ་ཛ་དྲག་ཏུ་གནས་ཡོད་པ་དང་།  དེ་ཡང་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་རྒྱ་གཞུང་མཉམ་དཔལ་འབྱོར་གལ་ཆེར་བརྩི་ནས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མནར་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱེད་པར་འགན་འཁུར་གྱི་དོ་སྣང་དང་ཐེ་བྱུས། གནོན་ཤུགས་སྤྲོད་པ་སོགས་གནང་རྒྱུའི་ཚབ་ཏུ། ངོ་སྲུང་གིས་རྒྱ་ནག་འགོ་འཁྲིད་རྣམས་ངན་པ་རྒྱ་ཡན་དུ་བཞག་རྐྱེན། བོད་ནང་བོད་མི་བརྒྱ་ལས་བརྒལ་བས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་སྲིད་ཇུས་ཕྱིར་བསྒྲགས་གནང་དགོས་ཐུག་ཡོད།  རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་ཆབ་སྲིད་སྲ་བརྟན་གྱི་གནད་དོན་ནི་བོད་ནང་འགྲོ་བ་མིའི་ཚེ་སྲོག་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་རྩ་བ་ནས་མེད་པར་མཁྲེགས་འཛིན་ཅན་གྱི་སྲིད་ཇུས་ལག་ལེན་དང་།  རང་བྱུང་གི་ཁོར་ཡུག་ལ་ཚད་ལས་བརྒལ་བའི་གཏོར་སྐྱོན་གཏོང་བཞིན་པ་དང་ཐད་ཀར་འབྲེལ་བ་ཆགས་ཡོད།   དེ་ནི་ཉེ་ཆར་བོད་མདོ་ཁམས་རྟའུ་རྫོང་དུ་དད་ལྡན་མི་མང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པར་རྒྱ་དམག་ནས་མི་མང་ནང་གང་བྱུང་དུ་མེ་མདའ་བརྒྱབ་པ་དང་།
རྫ་སྟོད་དུ་ཁྲིམས་འགལ་ཐོག་ཕ་ལམ་གྱི་གཏེར་ཁ་སྔོག་འདོན་བྱས་པར་མི་མང་ནས་ཞི་རྒོལ་བྱེད་སྐབས་ཚད་ལས་འདས་པའི་རྡུང་རྡེག་བཏང་ཡོད་པ་སོགས་ནི་དཔེ་མཚོན་ཞིག་ཡིན།” ཅེས་གསུངས་ཡོད་པ་རེད།

རྒྱ་གཞུང་ནས་བོད་ནང་ཇི་ཙམ་དམ་དྲག་བྱས་པ་དེ་རྩིས་ཀྱིས་བོད་མིའི་འགོག་རྒོལ་གྱི་བློ་སྟོབས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད།  འགོག་རྒོལ་གྱི་རྦ་རླབས་འཕྱུར་ཐེངས་རེར་གདུག་རྩུབ་ཆེ་བའི་རྒྱ་གཞུང་གི་དམག་མི་དང་ཁྲིམ་ཐོག་ནས་བོད་མི་རྣམས་ལ་ཚད་ལས་འདས་པའི་གནར་གཅོད་གཏོང་བ་དང་དྲང་བདེན་མ་ཡིན་པའི་གསར་འགྱུར་དྲིལ་བསྒྲགས་བྱེད་ཀྱི་ཡོད།  སྟབས་མ་ལེགས་པར་རྒྱལ་སྤྱི་ཚོགས་ནས་ཀྱང་གདུག་རྩུབ་ཅན་གྱི་རྒྱ་གཞུང་གི་སྲིད་ཇུས་འོག བོད་མི་རྣམས་ཚད་ལས་འདས་པའི་སྡུག་བསྔལ་མྱོང་བཞིན་པ་དེ་དག་ལ་བཟང་ཕྱོགས་ཀྱི་ཡ་ལན་གནང་རྒྱུ་ལས་ཟློག་སྟེ་རྒྱ་གཞུང་གི་དམག་ཤུགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནོན་ཤུགས་ཐེབས་ནས་ཁུ་སིམ་མེར་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ནས་གསུངས་དོན་”བོད་ནང་རང་ལུས་མེར་བསྲེག་ཀྱི་ལས་འགུལ་ཐེངས་༡༢༠ལྷག་བྱུང་ནས་གནས་ཚུལ་ཧ་ཅང་ཛ་དྲག་ཆགས་བཞིན་པ་འདིར། རྒྱལ་སྤྱིའི་གཞུང་ཁག་ནས་ངེས་པར་དུ་དོ་སྣང་དགོས་ཀྱི་འདུག   ང་ཚོས་G20གྱི་དབུ་ཁྲིད་རྣམས་ལ་རང་ཉིད་ཀྱི་རྒྱལ་ཁབ་དང་། རྒྱ་ནག་དབར་གྱི་གཞི་རྩའི་འབྲེལ་ལམ་དམ་བཟུང་བྱེད་པ་དང་ཆབས་གཅིག ལོ་ངོ་དྲུག་བཅུ་ལྷག་རིང་བཙན་གནོན་བྱས་པའི་བོད་ཀྱི་གནད་དོན་ཐོག་དྲང་བདེན་གྱི་འགྱུར་བ་ཞིག་ཡོང་རྒྱུར་ནུས་པ་ལྡན་པའི་ཐབས་ཤེས་འཚོལ་རྒྱུར་རེ་སྐུལ་ཞུ་གི་ཡོད ”

གཞན་ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ནས་་”ཞི་ཅིན་ཕིང་གིས་དབང་ཆ་བཟུང་བ་ནས་བོད་དང་། ལྷོ་སོག ཡུ་གུར་བཅས་བཙན་བཟུང་བྱས་པའི་ཡུལ་ལུང་དག་གི་ཐོག་སྤེལ་བཞིན་པའི་གདུག་རྩུབ་སྲིད་ཇུས་སྤྱི་དང་། དེ་བཞིན་རྒྱ་ནག་ནང་གི་རང་དབང་དོན་གཉེར་བ་དག་གི་ཐོག་དམ་དྲགས་ཤུགས་ཆེན་བྱེད་ཀྱིན་པར་བལྟས་ན། ཁོ་བོས་བཤད་པའི་རྒྱ་ནག་གི་རྨི་ལམ་ཟེར་བ་དེ་ནི་མི་རྣམས་ཞེད་སྣང་སྐྱེས་དགོས་པ་ཞིག་ཡིན་པ་དངོས་ར་འཕྲོད་ཡོད། སོང་ཙང་རྒྱལ་ཁབ་ཉི་ཤུའི་འབྲེལ་ཡོད་དབུ་ཁྲིད་རྣམས་ཀྱིས། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱི་རྒྱབ་ལོགས་སུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་དང་། རིགས་རྒྱུད་རྩ་མེད་རིང་ལུགས་ཀྱི་བྱ་སྤྱོད་སྦས་ཡོད་པ་གསལ་བོ་མཐོང་དགོས་པ་གལ་ཆེན་རེད་་་ ” ཅེས་གསུངས་ཡོད་པ་རེད།Exile Tibetans-Protest-G20

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་རྒྱལ་སྤྱིའི་མི་མང་ནས་ G20གྱི་དབུ་ཁྲིད་ལ་བོད་ཀྱི་གནད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་ཉམ་འབྲེལ་རྒྱབ་སྐྱོར་དགོས་པ་དང་།    རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ཀྱི་གནད་དོན་ཐོག་དོན་ཕན་ལྡན་པའི་སྲིད་ཇུས་ལག་ལྟར་དགོས་པའི་སྐུལ་མ་བྱེད་རྒྱུར་འབོད་སྐུལ་ཞུ་གི་ཡོད།

“སྤྱི་ལོ་ ༢༠༠༩ ནས་བོད་མི་༡༢༠ཙམ་གྱིས་རང་ཉིད་ཀྱི་ལུས་པོ་མེ་རུ་བསྒྲོན་ནས་རྒྱ་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ཡོད།   བོད་མི་ཚོས་འདི་ལྟར་རང་དབང་རང་བཙན་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རང་གི་ཚེ་སྲོག་ཚུན་ཆད་བློས་བཏང་ནའང་། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་དབུ་ཁྲིད་ཚོར་གནད་དོན་འདིའི་ཐོག་ཁ་གྲག་བཅུག་མེད།  འཛམ་གླིང་མི་མང་ནས་གནད་དོན་འདིར་དོ་འཁུར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་དང་།  ངས་ཀྱང་རྒྱ་གར་གཞུང་ལ་བོད་དོན་ཀྱི་ཆེད་དུ་ཕྱོགས་གང་ཐད་ནས་མཉམ་འདེབས་ཀྱི་བྱ་སྤྱོད་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་་” ཞེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་ལས་རོགས་ར་ཞི་ལྗོའོ་རི་ལགས་ཀྱིས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་ངེས་པར་དུ་རྒྱ་ནག་གིས་ཚོང་འབྲེལ་མཚམས་འཇོག་བྱེད་རྒྱུའི་འཇིགས་སྐུལ་བྱེད་པ་ནི་དོན་དམ་དུ་ཁ་སྤོབ་ཙམ་ཡིན་པ་ཤེས་དགོས་ལ།  G20ལྷན་ཚོགས་ཀྱི་སྲིད་གཞུང་ཁག་ལ་རྒྱ་ནག་གི་འབྲེལ་ལམ་དགོས་པ་ལྟར། རྒྱ་ནག་ལ་ཡང་ G20ལྷན་ཚོགས་ཀྱི་སྲིད་གཞུང་ཁག་གི་རྒྱབ་སྐྱོར་དགོས་ཀྱི་ཡོད།  གང་ལྟར་ཀྱང་ G20ལྷན་ཚོགས་ཀྱི་སྲིད་གཞུང་ཁག་གི་མཛའ་འབྲེལ་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ལམ་ཞིག་ཡིན་པས། འབྲེལ་ཡོད་སྲིད་གཞུང་ཁག་ནས་རྒྱ་ནག་གཞུང་དང་འདྲ་མཉམ་དང་མང་གཙོའི་ལྟ་གྲུབ་ཀྱི་སྲོག་ཤིང་ལ་ངེས་པར་དུ་དོ་ཕོག་མི་འགྲོ་བ་བྱེད་དགོས་ཀྱི་ཡོད།

རྒྱ་ནག་དམར་ཤོག་སྲིད་གཞུང་གི་གཙོ་འཛིན་ཆགས་ནས་ལོ་ངོ་གཅིག་མ་ཟིན་ཙམ་སོང་བའི་ཞི་ཅིན་ཕིང་ལ་མཚོན་ན་G20གི་ལྷན་ཚོགས་ཐོག་ཕེབས་མཁན་གྱི་དབུ་ཁྲིད་ཚོས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ཡོ་བསྲང་བྱེད་དགོས་པའི་དུས་ལ་སླེབས་ཡོད།

བོད་ལ་མཚོན་ན་ད་ལྟ་ནི་ཆེས་ཛ་དྲག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཆགས་ཡོད་པས་ G20ལྷན་ཚོགས་ཀྱི་དབུ་ཁྲིད་ཁག་ནས་བོད་ཀྱི་ཆེད་དུ་ཆིག་སྒྲིལ་དགོས་པའི་དུས་ལ་བབས་ཡོད་པ་ང་ཚོས་འབོད་སྐུལ་བྱེད་ཀྱི་ཡོད།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་མཐུན་མོང་ནས།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས།

བོད་ཀྱི་བུད་མེད་ལྷན་ཚོགས།

རྒྱལ་ཡོངས་མང་གཙོ་ཚོགས་པ།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།

བོད་རང་བཙན་སློབ་ཕྲུག་ཚོགས་པ།